ལིའུ་ཐའོ་ཡིས་མཚོ་ཤར་གྲོང་ཁྱེར་གྱི་སློབ་འགོ་རྩོམ་པའི་བྱ་བར་རྟོག་ཞིབ་དང་ཞིབ་བཤེར་བྱེད་སྐབས་གཏམ་བཤད་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས་8ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་མཚོ་ཤར་གྲོང་ཁྱེར་དུ་བསྐྱོད་དེ་སློབ་གྲྭའི་སློབ་འགོ་ཚུགས་པའི་བྱ་བར་རྟོག་ཞིབ་ཞིབ་བཤེར་བྱས་པ་དང་། སློབ་མ་དང་། ཁྱིམ་བདག མི་དམངས་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཞིབ་ཕྲའི་བྱ་ཐབས་ཁག་དོན་འཁྱོལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་ཚུགས་པའི་སློབ་ཁྲིད་བྱ་བར་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། སློབ་འགོ་ཚུགས་སྐབས་གོ་རིམ་ལྡན་པ་དང་སློབ་ཁྲིད་བདེ་འཇགས་ཡོང་བའི་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

ལིའུ་ཐའོ་འཁོར་དང་བཅས་པ་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་ཚུགས་པའི་གཞོང་ཐང་རྫོང་སློབ་འབྲིང་དང་པོ་དང་། ཧྲི་ནཱ་སློབ་འབྲིང་། ལུང་མདོ་ཆུས་སློབ་འབྲིང་གཉིས་པ། སློབ་འབྲིང་བཞི་པ། མཚོ་ཤར་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་བཅས་སུ་བསྐྱོད་ཅིང་། སློབ་གྲྭའི་སློབ་ཞུགས་ལུས་དྲོད་ལྟ་ཞིབ་ཚད་ལེན་དང་། སློབ་གྲྭའི་ཕྱོགས་བསྡུས་དོ་དམ། སློབ་མའི་སློབ་ཁང་གི་སྒྲིག་ལམ། སློབ་མའི་ཞག་སྡོད་ཁོར་ཡུག སྨན་དོན་མི་སྣ་བཀོད་སྒྲིག་དང་རིམས་ནད་སྔོན་འགོག་དང་འཚོ་བའི་དངོས་ཟོག་གྲབས་གསོག་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་བྱས་པ་དང་། ཡུལ་དངོས་སུ་སློབ་མའི་ཟ་མའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། ཞིང་ཆེན་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་། ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་། སློབ་གསོ་སོགས་སྡེ་ཚན་དང་སློབ་གྲྭའི་འགན་འཁུར་བ་དང་སྨན་དོན་མི་སྣ་དང་དེ་བཞིན་དགེ་རྒན་དང་ལས་བཟོ་དང་སྤེལ་རེས བྱས་པ་རེད།

ལིའུ་ཐའོ་ཡིས་བསྟན་དོན། དམིགས་བསལ་དུས་སྐབས་སུ་དམིགས་བསལ་འགན་འཁྲི་འཁུར་དགོས་པ་དང་། ས་ཁུལ་ཁག་དང་། སྡེ་ཚན་ཁག སློབ་གྲྭ་ཁག་བཅས་ཀྱིས་སློབ་འགོ་ཚུགས་པའི་སློབ་ཁྲིད་སླར་གསོ་བྱ་རྒྱུ་དེ་དེང་སྐབས་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ། ཕྱོགས་གཞན་ཞིག་ནས་སློབ་འགོ་ཚུགས་པའི་སློབ་ཁྲིད་ལ་དམ་འཛིན་བྱེད་པ་བཅས་བྱ་དགོས། “དམའ་རུ་གཏོང་མི་རུང་བ་གཉིས”ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་། འགན་འཁྲི་འཁུར་ཕོད་པ། གནད་འཁེལ་ཇུས་འདོན་བྱེད་པ། འགན་འཁྲི་ནན་དུ་གཏོང་བ། ཞིབ་ཕྲའི་བྱ་བ་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་སྲུང་བྱ་དགོས་ཞེས་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།