རྐང་ཚའི་དམངས་སེམས་ན་གསོན་པའི་ཁྲིམས་ལུགས་སྣེ་ཁྲིད་པ།

__མི་ལོ་ཉེར་བརྒྱད་རིང་གི་ཁྲིམས་ལུགས་དྲིལ་སྒྲོག་པ་འདས་པོ་སྙིང་དཀར་རྒྱལ།

འདས་པོ་སྙིང་དཀར་རྒྱལ ། ༡༩༥༣ ལོ་ནས༢༠༡༩ལོའི་ཟླ༧པར།

དང་པོ། དམངས་སྒྲུབ་དགེ་རྒན་ཞིག་གི་སེམས་སུ་རུམ་པའི་་སློབ་གསོ།

འདས་པོ་སྙིང་དཀར་རྒྱལ་ནི༡༩༥༣ལོར་རྐང་ཚའི་གཡུ་དཀར་འོམ་ལུང་ཡུལ་ཚོ་ཇོ་སྐོར་གོང་མ་འབྲོག་སྡེ་རུ་སྐྱེས། ༡༩༧༦ལོར་རྒྱལ་ཁབ་ཀྱི་བྱ་བར་ཞུགས་ནས་དམངས་སྒྲུབ་དགེ་རྒན་བྱས། དགེ་རྒན་གྱི་མིང་ཙམ་བཏགས་ནས་སློབ་གསོའི་ཁ་ཕྱོགས་སྤུ་ཉག་ཙམ་ཡང་མེད་པའི་སྐབས་དེའི་འབྲོག་སྡེ་རུ་ཐོན་པ་ན། བདག་ལ་ཆེས་ལྕི་བའི་ན་ཟུག་ཞིག་གིས་མགོ་བསླངས་ཡོང་བ་ལས་སློབ་གསོ་ཟེར་བ་དང་སློབ་ཁྲིད་ཟེར་བ་དེ་མགོ་གང་ནས་བརྩམས་ཏེ་མཇུག་ཅི་ལྟར་སྐྱོང་བར་བསམ་བློའི་སྐྱོར་མ་ཙམ་ཡང་མེད་པར། ཡང་སྙིང་བྱིས་པ་ཞིག་གི་སློབ་སྦྱོང་གི་མདུན་ལམ་དེ་གཡག་རྒན་གཅིག་ལ་བརྗེ་མི་འདོད་པའི་འདུན་པའི་ཀློང་ནས་སྦྲ་གུར་སློབ་ཁང་གི་དོ་དབུས་ནས། ཁྱིམ་བདག་དང་སློབ་མ་ཚོར་སློབ་སྦྱོང་བྱས་ན་བཟང་ཚུལ་དང་སློབ་གྲྭར་སོང་ན་མདུན་ལམ་རྒྱ་ཆེ་བའི་སྐོར་ནས་ཁ་བརྡ་དང་བཅས་སློབ་གསོ་དང་སློབ་ཁྲིད་བྱེད་པར་གྱིས། འདི་ལྟར་བྱིས་པ་སློབ་གྲྭར་མ་བསྐྱལ་ན་ཁྲིམས་འགལ་ཡིན་པ་བཤད་ནས་དགེ་རྒན་གྱི་བྱ་བ་་ཡུན་གྱིས་རྒྱུན་བསྲིངས་ལ། རང་ཉིད་ཡང་འབྲོག་ཁྱིམ་དཀྱུས་མ་ཞིག་གི་བུ་ཆུང་ཡིན་པར་ནན་བཤད་བྱས་ཚེ་ཨུ་ཚུགས་ཀྱིས་འགྲང་བའི་ཁ་གཏད་ཀྱི་འབྲོག་པ་ཚོའི་སློབ་གསོ་མྱང་ན་དགོས་པ་ཡོད་པར་ཨེན་ཙམ་རློམ་པའི་རྣམ་འགྱུར་བསྟན་པ་དེས་ཁོ་བོར་སློབ་གསོར་མུ་མཐུད་དུ་འཇུ་བའི་རེ་བ་ཉག་ཅིག་སྦྱིན། དེ་དུས་ཁོ་རང་ལོ་ན་གཞོན་དུས་ཡིན་ལ་དམངས་སྒྲུབ་དགེ་རྒན་དཀྱུས་མ་ཞིག་གི་སེམས་ནས་ཁྲིམས་ལྟར་སློབ་གསོ་སྐྱོང་རྒྱུ་ནི་ཆེས་རྩ་བའི་ཆ་རྐྱེན་ཡིན་ཡང་། འབྲོག་སྡེ་འདིའི་མ་མཐའི་ཆ་རྐྱེན་ཤིན་ཏུ་ཞན་པ་མཐོང་ན་ནམ་ཞིག་བྱིས་པ་འདི་དག་སློབ་གྲྭར་འགྲོ་བའི་སྐལ་བ་ཡག་པོ་ཞིག་ལྡན་པར་སེམས་ཁུར་བྱེད་རྒྱུ་ལས་ཐབས་ཤེས་གཞན་མ་མཆིས་སོ།

གཉིས་པ། ཁོ་བོས་ཀུན་སློང་ལ་བཅོལ་བའི་བཟོ་ཚོང་དོ་དམ་བྱ་བ།

དེ་ནས༡༩༧༩ལོའི་ཟླ༡༡ནས༡༩༨༥བར་སྐྱིད་སྨོན་ཡུལ་ཚོ་ནས་བྱ་བ་གཉེར་ལ།༡༩༨༥ལོ་ནས༡༩༩༡བར་རྐང་ཚ་རྫོང་བཟོ་ཚོང་ཚོང་ཟོག་དོ་དམ་ཅུ་རུ་ལས་གནས་སྤར། ཁྲིམས་ལ་དུངས་ཤིང་དམངས་ལ་བྱམས་པའི་ཀུན་སྤྱོད་གཙང་མ་ཞིག་སེམས་ལ་ཁུར་ནས་ཡང་བསྐྱར་ལས་གནས་གསར་བ་ཞིག་གི་མགོ་བརྩམས་མོད། ཁོ་བོས་སློབ་གསོའི་ལམ་ཁ་ན་སློབ་བྱོལ་ལ་བྲེལ་བའི་བྱིས་པ་ཚོ་ཡིད་ལ་དྲན་ཐེངས་རེར་ཡིད་སྨྲེང་བའི་སྨུག་པ་དགུང་ལ་འཕྱུར་ཞིང་། ནམ་ཞིག་སློབ་གསོ་གོང་འཕེལ་དུ་སོང་ཚེ་གཞི་ནས་འབྲོག་པ་ཟེར་བ་འདིའི་རྗེས་ལུས་ཀྱི་རྣམ་པ་དོར་ཐུབ་པའང་བསམ་པའི་སེམས་ངལ་ཞིག་ཏུ་ཁུར་ཏེ། ཡང་བསྐྱར་བཟོ་ཚོང་དོ་དམ་བྱ་བའི་ལས་གནས་སུ་ཞུགས་ལ་དེ་རུ་སྔར་བཞིན་འཕེལ་རྒྱས་ཀྱི་རྣམ་པའི་ཟུར་ཙམ་ཡང་མཐོང་རྒྱུ་མེད་པ་མ་ཟད་སྐབས་དེའི་རང་རྫོང་གི་ཚོང་ཟོག་འགྲིམ་འགྲུལ་བྱ་བ་རྙོག་འཛིང་ཡིན་ལ། ཚོང་རྫས་རྫུན་མ་བཙོང་བའི་ཚོང་བདག་གི་མགོ་འཕངས་མཐོ་ལ་མང་ཚོགས་ཀྱིས་ཚོང་རྫས་དག་རྫུན་གྱི་དབྱེ་བ་འབྱེད་མི་ཤེས་ཤིང་། ཚོང་རྫས་དག་རྫུན་ལ་དཔྱད་པའི་འདུ་ཤེས་ཟེར་བ་ཞིག་རྨང་ནས་མེད་པས། ཁོང་རང་གི་སེམས་ཀྱི་ཁུར་བོ་སྔར་ལས་ལྕི་ལ་སྐབས་དེར་ཕོ་ཁ་ན་བའི་ཟུག་གཟེར་ཞིག་གིས་ཀྱང་བར་ཆད་གཏོང་གིན་འདུག ཡིན་ཡང་སྨན་ཁང་དང་བརྟག་དཔྱད་སོགས་ཅི་ཡང་མ་བྱས་པར་མུ་ནས་ལས་གྲོགས་ཚོ་དང་མཉམ་དུ་སྲང་མདོའི་ཚོང་ཁང་དག་ལ་སྒོ་ཉུལ་དང་ཚོང་རྫས་དག་མིན་ལ་ལྟ་བའི་བྱ་བ་དེ་མུ་མཐུད་དུ་བསྒྲུབ། ཚོང་རྫས་རྫུན་མས་བྲིན་ལ་རྟེན་ནས་མང་ཚོགས་ཀྱི་སྐབས་དེའི་ཡོང་འབབ་ལ་གྱོང་གུད་བཟོ་ཞིང་། དུས་རྒྱུན་རྙོག་དྲ་ཆེ་བའི་རང་རྫོང་གི་སྲང་མདོ་དག་ན་ཁོ་ཚོས་ནམ་ཞིག་བཟོ་ཚོང་གི་ལས་འདི་དྲང་བདེན་གྱི་ལམ་དུ་སྐྱོད་ཐུབ་པར་རེ་ཞིང་། མང་ཚོགས་དང་ཚོང་བའི་འདུ་ཤེས་བཅོས་སྒྱུར་གཏོང་བར་ཐབས་ལམ་སྣ་ཚོགས་འཐེན་ནས་བཟོ་ཚོང་བྱ་བའི་མགོ་མཇུག་བར་གསུམ་ལ་ཡང་འབད་པའི་ཤ་སྒྲིམས་མྱོང་ལ་དོན་གྱིས་བློ་ཡང་དཀར་མྱོང་།

ལས་གྲོགས་མཉམ་པར།
ཁོ་བོས་དམངས་ཁྲོད་དུ་ཁྲིམས་ལུགས་སྒྲོག་པའི་རྣམ་པ།


གསུམ་པ། མི་ལོ་ཉེར་བརྒྱད་རིང་གི་ཁྲིམས་ལུགས་སྒྲོག་བཤད།

འདས་པོ་ཁོང་གིས་འབྲོག་པ་མང་ཚོགས་ཁྲིམས་ལ་རྨོངས་ནས་རྒྱུ་ནོར་ལ་གོད་ཆག་དང་མི་ཤི་རྟ་འགྱེད་ཀྱི་གྱོད་དོན་མང་དུ་འབྱུང་བཞིན་པ་དང་གཞན་ལོག་ལམ་དང་ཉེས་གསོག་གི་ལམ་དུ་ཞུགས་པའི་རིགས་སོ་སོའི་སྤུན་ཟླ་དག་མཐོང་ནས། ཞེ་རྩ་སྨྲེང་གིས་ཁེངས་ཏེ་མ་ཤི་བར་དུ་ཐབས་བརྒྱ་ཇུས་སྟོང་གིས་འབྲོག་ཕྱོགས་ཁྲིམས་ལུགས་འདུ་ཤེས་མཐོ་རུ་གཏོང་བའི་བྱེད་ཐབས་ཤིག་ངང་གིས་འཐེན་དགོས་བསམ་རྗེས།ཀྱག་ཀྱོག་གི་ངོ་ལོ༢༧རིང་ལ་དམངས་ཁྲིམས་ལག་ལེན་དང་གྱོད་དོན་རྩད་ཞིབ། ཁྲིམས་ལུགས་དྲིལ་སྒྲོག་བཅས་ཀྱི་མགོ་མཇུག་བར་གསུམ་དུ་ཡིད་ནས་བོར་མྱོང་མེད་པ་ནི་ཁྲིམས་ལུགས་ཡིན་ལ། སེམས་ནས་བརྗེད་མྱོང་མེད་པ་ནི་མང་ཚོགས་ཡིན་པས།མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་གོ་རྟོགས་གོང་འཕེལ་དུ་གཏོང་རྒྱུ་ནི་ཁོ་བོའི་དམིགས་ཡུལ་ཀྱང་ཡིན། དེ་བས༡༩༩༢ལོ་ནས་བཟུང་གཡུ་དཀར་འོམ་ལུང་སློབ་ཆུང་དང་ཇོ་སྐོར་སློབ་ཆུང་། མཚོ་སྔོན་པོའི་ཞིང་རའི་སློབ་ཆུང་གི་སློབ་ཕྱིའི་ཁྲིམས་ལུགས་མཛུབ་སྟོན་པ་ནས་མགོ་བརྩམས་ཏེ།དམངས་ཁྲིམས་ལ་ཟབ་ཞུགས་དང་ཁོམ་ལོང་ཅུང་ཙམ་ཡོད་ཚེ་ཁྲིམས་ལུགས་སློབ་རར་སྒྲོག་པའི་ལས་ཀ་དེ་མཚམས་ཆད་མ་མྱོང་།སྔ་རྗེས་སུ་རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོར་སོང་ནས་ཁྲིམས་ལུགས་ཤེས་བྱ་སྒྲོག་འགྲེལ་གྱི་བྱ་འགུལ་ཐེངས༡༣༠ལྷག་སྤེལ་ཞིང་།ཉན་མཁན་མི་གྲངས་ཉིས་ཁྲི་བཞི་སྟོང་ལྷག་བརྒལ་བྱུང་། གཞན་ཁོ་རང་གི་འཕྲུལ་རྟ་ཞོན་ནས་དབྱར་དགུན་སྟོན་དཔྱིད་མེད་པར་བུ་ཡུག་དང་ཙག་རླུང་ལ་གདོང་གཏད་ནས་དེ་དུས་ཀྱི་ཐབས་ཆག་གི་ཁོར་ཡུག་ཁྲོད་དུ་ཡུལ་ཚོ་གསུམ་གྱི་སྡེ་བ༡༥དང་རུ་ཆུང༣༦གི་ཁྱིམ་ཁ༣༠༠༠ལ་སྒོ་ཉུལ་གྱིས་ཁྲིམས་ལུགས་བཤད་པ་དང་ཁ་ཏ་སློབ་གསོ་ཡང་གང་མང་བྱས་མྱོང་། ཁྲིམས་སྲོལ་དྲིལ་སྒྲོག་ཚོགས་འདུ་ཐེངས༢༠༠ལྷག་དང་མང་ཚོགས་ལ་ཁྲིམས་ལུགས་ཁྲིམས་སྲོལ་ཐེངས༢༠ལྷག་བསྒྲགས་མྱོང་།ཁོང་གིས་དེ་ལྟར་སྨྲ་ལྕེ་བར་ནས་དམངས་ཁྲིམས་ཤེས་བྱ་བསྒྲགས་པ་དེས་རྐང་ཚའི་རྒན་དར་གཞོན་གསུམ་གྱི་སེམས་སུ་སྔ་ན་མེད་པའི་ཁྲིམས་ཀྱི་བག་ཆགས་མི་ཉུང་བ་ཞིག་བཞག་ཡོད། ༢༠༠༥ལོའི་ཟླ་དྲུག་པར་ཡུལཚོའི་སྲིད་གཞུང་གི་ཉེ་འགྲམ་གྱི་ཁྱིམ་ཚང་ཞིག་ལ་ཆང་འཐུང་འགའ་ཡིས་རྙོག་དྲ་བཟོས་པ་ཡར་ཞུ་བྱས་ལ།དེ་རུ་གྱོད་དོན་རྩད་ཞིབ་ཏུ་སོང་བ་ན་སོ་མ་བཙོན་གྲོལ་བྱུང་ནས་ཅུང་འགོར་མེད་པས་མི་ཞིག་ཡིན་ལ། དེ་ལ་བར་བཀག་ཀྱང་མི་ཁོག་པ་མ་ཟད་ཝུ་ཆང་དམ་བུ་ཞིག་གིས་ཅི་བྱུང་གང་བྱུང་མེད་པར་ཁོའི་གདུང་ལ་གཏད་ནས་བརྒྱབ་ལ། དུས་དེ་ནས་བཟུང་ཁོ་བོའི་མིག་ཡ་གཅིག་ཀྱང་ཁྲིམས་སྐྱོང་གི་བྱ་བའི་ཁྲོད་ནས་ལོང་བར་གྱུར་ལ་སྟབས་ལེགས་པ་ཞིག་ལ་མིག་ཡ་གཅིག་གིས་ད་དུང་འཇིག་རྟེན་དཀར་ངོགས་མཐོང་ཐུབ་པས་ཆོག་གི་ཟེར། ཡིན་ཡང་འདི་ལྟ་བུའི་ཆག་འཇིག་གི་ཕམ་ཁ་མྱོང་ནའང་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱ་བ་དེ་སེམས་ནས་བོར་མྱོང་མེད། ཁྱིམ་ཚང་ལ་མི་གྲངས་མང་ལ་དབང་བོ་སྐྱོན་ཅན་གྱི་བུ་མོ་ཞིག་ཀྱང་ཡོད་པས་སྤྱིར་ན་ལས་འཁྱེར་ངལ་གསོ་བྱས་ནས་འདི་དག་གི་ཁ་རྒྱབ་ལྟོ་གོས་ལ་འབད་ནས་བསྡད་ཀྱང་ཆོག་མོད། དེ་ལས་ལྡོག་ཏེ་ཁོ་བོའི་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་ནན་ནན་ཏིག་ཏིག་གིས་བསྒྲུབ་པ་མ་ཟད་ངལ་གསོ་བྱས་རྗེས་ཀྱང་མུ་མཐུད་དུ་ཁྲིམས་ལུགས་དྲིལ་སྒྲོག་གི་དོན་བྱ་ཆེ་མ་ཆུང་གསུམ་ཀུན་ལ་ཞུགས་མྱོང་། དེ་ལྟར་སྐྲ་མཐར་སེ་མདའ་ལྷུང་ཞིང་གདུང་ལ་གཉེར་མས་ཁེངས་བའི་འདས་པོ་ཁོ་རང་ལས་འཁྱེར་ངལ་གསོ་བྱས་རྗེས་ཀྱང་རྐང་ཚའི་སློབ་གསོ་སྡེ་ཁག་དང་འཕྲོད་བསྟེན་སྡེ་ཁག་སོགས་ལས་ཁུངས་དུ་མའི་གདན་ཞུའི་ཁྲིམས་ལུགས་དྲིལ་སྒྲོག་པ་དང་ལྷག་པར་རྐང་ཚ་རྫོང་སྤྱི་བདེ་ཅུ་དང་མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་ཅུ་སོགས་ཀྱི་གདན་ཞུའི་འདུམ་སྒྲིག་པ་དང་ཁྲིམས་རྩོད་པ་ཡིན་ལ་ག་ས་གང་དུ་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ལས་ལ་འབད་ནས་མི་ཚེ་རྫོགས།ལས་ཁུངས་དག་གི་གདན་ཞུའི་ཡི་གེ་སྐོར།


བྱ་བའི་གྲུབ་འབྲས་ལ་གནང་བའི་གཟི་བརྗིད་དཔང་ཡིག


འདི་ལྟར་ལོ་ངོ་ཉེར་བདུན་གྱི་རིང་ལ་དཀའ་ཚེགས་དང་འབད་འབུངས། སྡུག་རེས་གང་མང་གིས་རྒྱལ་ཕམ་མང་པོ་ཞིག་ལོ་ཟླའི་རྒྱུན་ལ་མཐུད་ནས་བསྐྱངས་མཐར། ༢༠༠༠ལོར་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཚོགས་ནས་ཁོང་ལ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྔོན་ཐོན་ཅན་གྱི་མཚན་སྙན་གནང་།༢༠༠༣ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའུ་ནས་མི་སྒེར་གྱི་རིམ་པ་གསུམ་པའི་བྱས་རྗེས་ཅན་གྱི་བྱ་དགའ་གནང་། ༢༠༡༡ལོར་ཁུལ་དང་རྫོང་རིམ་པའི་ཁྲིམས་ལྟར་ཁྲིམས་སྐྱོང་གི་དཔེ་བཟང་མི་སྣར་བདམས།༢༠༡༦ལོར་རྐང་ཚ་རྫོང་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་ཨུ་ཡོན་ཕུལ་བྱུང་ཅན་དུ་བདམས། ༢༠༡༨ལོའི་ཟླ༡༢པར་རྐང་ཚ་རྫོང་གི་སྐབས་གཉིས་པའི་རྐང་ཚའི་སེམས་འགུལ་ཐེབས་སའི་མི་སྣར་བདམས་པ་སོགས་མི་ཚེའི་རྒྱལ་ཁ་དང་གྲུབ་འབྲས་རེ་རེ་དང་དུ་བླངས།

བཞི་བ། བདེན་པའི་གཏམ་ལས་ཁྲིམས་ཀྱི་ངོ་བོ་གླེང་།། དམངས་སེམས་གཡོ་བའི་རྣམ་ཤེས་གངས་ལ་གཏིམས།།

དམངས་སྒྲུབ་དགེ་རྒན་དཀྱུས་མ་ཞིག་གི་མཚན་བྱང་ཁུར་ནས་རིམ་གྱིས་དམངས་ཁྲིམས་ལ་ལག་ལེན་དང་སློབ་སྦྱོང་བྱས་ནས་སྤྱི་བདེ་ལས་གནས་ཀྱི་ལས་དོན་གང་མང་ཞིག་རྒྱབ་ཏུ་ཁུར་ནས་ཚེ་ཡི་འཕེན་པ་རྫོགས། དེ་དུས་ཀྱི་རྐང་ཚའི་འཚོ་བའི་ཆ་རྐྱེན་སོགས་ཕྱོགས་གང་ཐད་ནས་ད་སྐབས་དང་བསྡུར་ཐབས་བྲལ་ལ།མང་ཚོགས་ཀྱི་སློབ་གསོའི་འདུ་ཤེས་དང་ཁྲིམས་ལུགས་འདུ་ཤེས་ཧ་ཅང་ཞན་པའི་ཉམ་ང་བའི་འཚོ་གནས་ཀྱི་ཁྲོད་དུ་ལྗིད་ཏིག་ཏིག་གི་ལས་གནས་ཤིག་ཕྲག་ཏུ་འཁུར་དགོས་པ་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན། ཁོང་འབྲོག་པ་ཤ་སྟག་ཞིག་ཡིན་པའི་ཆ་ནས་འབྲོག་ཕྱོགས་ལ་རྒྱུས་མངའ་ཆེན་པོ་ཡོད།ལོ་མང་ལ་ཁྲིམས་ལུགས་དྲིལ་སྒྲོག་དང་བྱ་བའི་ཉམས་མྱོང་ལས་བསགས་པའི་ཁྲིམས་ལུགས་ཤེས་བྱའི་འབྲས་བུ་འདི་དག་སྔར་བཞིན་རང་ཉིད་ཀྱི་ཕ་ས་མ་ཁུངས་ཀྱི་ཡུལ་མི་ཚོའི་ཆེད་དུ་འབུལ་འདོད་པའི་འདུན་མ་དྲག་པོ་ཞིག་གིས་མགོ་བརྩམས་ཏེ། ད་ལྟའི་བར་ཕན་ཆེ་ཐོགས་ཆུང་ཐོགས་ཀྱི་རྒྱུད་རིམ་ཞིག་བརྒྱུད་ནས་ལོ་ན༦༦ལ་སོན།༢༠༡༩ལོའི་ཟླ་དང་པོར་རྐང་ཚའི་མི་སེམས་སྒུལ་བའི་མི་སྣ་གྲགས་ཅན་དུ་བདམས་པའི་གཡུར་ཟའི་འབྲས་བུ་རང་ཐོག་ལ་སྨིན་པ་དེ་ནི་ཁོང་གིས་རང་ཉིད་ཀྱིས་མི་ཡུལ་དུ་བཞག་པའི་ལེགས་སྐྱེས་ཤིག་ ཏུ་བསམ་བཞིན། ལོ་དེའི་དབྱར་ཟླ་དྲུག་པའི་མེ་ཏོག་སྣ་བརྒྱ་བཞད་པའི་དུས་ཚིགས་དེར་ཁོང་གིས་རྐང་ཚའི་འབྲོག་པ་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་སྔར་བས་ཇེ་མཐོར་སོང་ཡོད་པ་ཚོར་བ་ལྟར་བློ་བདེ་བག་ཕེབས་ཀྱིས་དམིགས་ཡུལ་གཞན་ཞིག་བསྙེགས་ནས་ཚེ་ཡི་འཕེན་པར་རྫོགས།

གསར་འགོད་པ།  ཚེ་དབང་རིག་འཛིན།