མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང19པ།)

རྒྱལ་ཁབ་ཀྱི་ཁུལ་དང་རིམ་པ་བཀར་ནས་བར་ཁྱད་ཅན་གྱི་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་ཚུལ་འགུལ་རྣམ་ལྟར་སྙོམ་སྒྲིག་དང་། སློབ་གསོ་པུའུ་ཡི2020ལོའི་དཔྱིད་དུས་སློབ་སྐབས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མགོ་རྩོམ་པའི་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བྱེ་བྲག་གི་བླང་བྱ་གཞིར་བཟུང་ཞིང་། རང་ཞིང་གི་དེང་སྐབས་ཀྱི་རིམས་བབ་འགོག་སྡོམ་གྱི་གནས་བབ་དང་སྦྲེལ་ཏེ་ཆེད་མཁས་པས་ཚན་རིག་དང་མཐུན་པར་དཔྱད་ཞིབ་བརྡར་གཅོད་བྱས་པ་བརྒྱུད་དེ། ཞིང་ཆེན་སྲིད་གཞུང་གིས2020ལོའི་ཟླ3པའི་ཚེས17ཉིན་གྱི་ཆུ་ཚོད24བ་ནས་བཟུང་སྟེ་རིམས་བབ་འགོག་སྡོམ་གྱི་བྱ་བ་བསྟུད་མར་ཇེ་ལེགས་སུ་འགྲོ་བཞིན་པ་དང་འགོག་སྡོམ་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ཡོད་པས། རིམས་ནད་ནང་དུ་མཆེད་པའི་ཉེན་ཁ་ཚོད་འཛིན་ཐུབ་པའི་ཟི་ལིང་གྲོང་ཁྱེར་གྱི་སྟོང་སྐོར་རྫོང་དང་རྟ་ཐང་རྫོང་། མཚོ་ཤར་གྲོང་ཁྱེར་གྱི་ཧོར་གྲོང་རྫོང་དང་ཕིན་ཨན་ཆུས་སོགས་རྫོང32(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ལྷན)སྤྱིར་བཏང་གི་འགོག་སྡོམ་ཁུལ་དུ་སྙོམ་སྒྲིག་བྱས་ནས། སྤྱི་ཚོགས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པ་དང་མཉམ་དུ་རྒྱུན་རྣམ་ལྟར་འགོག་སྡོམ་བྱ་བ་ལེགས་པོར་བསྒྲུབ་དགོས། དེ་དང་ཆབས་ཅིག་ཏུ་རིམས་བབ་འགོག་སྡོམ་དང་སློབ་རའི་བདེ་འཇགས་སྲུང་ཐབས་དོན་ཐོག་ཏུ་འཁྱོལ་བའི་སྔོན་འགྲོའི་ཆ་རྐྱེན་འོག ཞིང་ཆེན་ཡོངས་ཀྱི་སློབ་ཆུང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་རྩ་དོན་ཐོག་ཟླ3པའི་ཚེས25ཉིན་ནས་ཚེས31ཉིན་བར་དུ་རིམ་པ་བཞིན་སློབ་མགོ་བརྩམ་དགོས་ཚུལ་གཏན་ལ་ཕབ།

ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་ཐོག ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཚད་མཐོན་པོ་བྱས་ཏེ། སྣང་མེད་ལྷོད་གཡེང་གི་བསམ་བློ་དང་རིམས་འགོག་དམག་འཐབ་ལ་སུན་སྣང་སྐྱེས་པ། སྟབས་ལེགས་ཡོང་བའི་བསམ་ཚུལ་དང་སེམས་ཤུགས་ལྷོད་པའི་རྣམ་འགྱུར་བཅས་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་མུ་མཐུད་དུ་འགོག་སྡོམ་གྱི་ཚད་གཞི་ཇེ་དམའ་དང་ཤུགས་ཚད་ཇེ་ཆུང་། བླང་བྱ་ཇེ་ལྷོད་བཅས་སུ་མི་གཏོང་བར་བྱ་དགོས། ཁོངས་ཞུགས་སྡེ་ཚན་སོ་སོས་འདོམས་ཁོངས་ཀྱི་འགན་འཁྲི་དང་སྡེ་ཁག ལས་རིགས། སྡེ་ཚན་བཅས་ཀྱི་བྱེད་པོའི་འགན་འཁྲི་རང་འགུལ་གྱིས་མུ་མཐུད་དུ་ལག་བསྟར་བྱས་ཏེ། རིམས་ནད་ཕྱི་ནས་ནང་དུ་མཆེད་པ་ནན་འགོག་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་དོགས་ཟོན་དང་ཁ་གཏད་འཇལ་བར་གྲ་སྒྲིག་ལེགས་པོ་བྱ་དགོས། རིམ་པ་སོ་སོའི་སློབ་གསོའི་སྡེ་ཁག་གིས་འབྲོག་ཁུལ་དང་རོང་ཁུལ། གྲོང་ཁྱེར་བཅས་ཀྱི་གོ་རིམ་ལྟར་ས་ཁུལ་དང་རིམ་པ་འགེར་བ་དང་། དུས་ཀྱི་རྩེ་སྒང་དང་དུས་རིམ་ལས་གཡོལ་ནས་སློབ་མགོ་བརྩམ་པར་སྐུལ་འདེད་གཏང་དགོས། གཙོ་བོ་བྱ་བའི་དོན་དག་བཞི་ལེགས་འཛིན་བྱ་དགོས་ཏེ། གཅིག་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཡིད་ཆེས་བཅངས་ནས་རིམས་བབ་འགོག་སྡོམ་བྱ་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱས་ཏེ། གཙོ་བོ“ཕྱི་ནས་ནང་དུ་མཆེད་པ་འགོག་པའི”ཐད་ལ་རྩོལ་བ་སྤྱད་པ་དང་། རིམས་བབ་བརྟག་འཇལ་གྱི་ཉེན་བརྡ་བསྟུད་མར་ཤུགས་དྲག་ཏུ་བཏང་ནས། གཙོ་གནད་སྡེ་ཁག་གི་རིམས་བབ་འགོག་སྡོམ་གྱི་མཛུབ་སྟོན་བྱ་བ་ལེགས་པོར་བསྒྲུབ་དགོས། གཙོ་གནད་མི་སྣར་རྗེས་དེད་ནས་གྲལ་བཤེར་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ། སྨན་བཅོས་ལས་ཁུངས་ཀྱི་རྒྱུན་ལྡན་གྱི་ནད་བརྟག་སྨན་བཅོས་བྱ་བ་ཁྱོན་ཡོངས་ནས་སླར་གསོ་བྱེད་པ་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་ནས། རིམས་བབ་མཇུག་མ་སྒྲིལ་ན་བྱ་བའི་བྱེད་ཐབས་མི་ལྷོད་པ་མཐའ་གཅིག་ཏུ་བྱ་ཐུབ་དགོས། སྤྱིར་བཏང་གི་འགོག་སྡོམ་ས་ཁུལ་ནས་སྙོམ་སྒྲིག་བྱས་མེད་པའི་རྫོང(གྲོང་ཁྱེར་དང་ཆུས)13གྱིས་སྔར་བཞིན་སྤྱི་ཚོགས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱ་བ་སྔར་བཞིན་ཁྱོན་ཡོངས་ནས་ལེགས་པོར་སྒྲུབ་པ་དང་མཉམ་དུ། “ཇེ་དམའ་རུ་མི་གཏོང་བ་གཉིས”ཀྱི་བླང་བྱ་ལྟར། འཚུབ་ཟློག་གི་རྣམ་པས་འབྱུང་སྲིད་པའི་རིམས་བབ་ཀྱི་ཉེན་ཁའི་ཟློག་རིམ་མགོ་རྩོམ་པ་དང་ཚན་རིག་དང་མཐུན་པར་དཔྱད་དཔོག་བྱ་བ་དུས་ཐོག་ཏུ་བསྒྲུབས་ནས། སྔ་ས་ནས་རྒྱུན་རྣམ་གྱི་འགོག་སྡོམ་དོ་དམ་སྙོམ་སྒྲིག་ཐུབ་པར་བརྩོན་ལེན་བྱ་དགོས། གཉིས་ནས་དུས་ཚོད་ཀྱིས་རང་ཉིད་ལ་མི་སྒུག་པའི་ཁ་ཚ་དགོས་གཏུགས་ཀྱི་འདུ་ཤེས་བཅངས་ཏེ་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱ་དགོས། ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར། མི་སེམས་བརྟན་པོ་དང་ཡིད་ཆེས་བརྟན་པོར་གཏོང་བའི་བྱ་བའི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ནས། སྤྱི་པའི་ཞབས་ཕྱིའི་འགན་སྲུང་གི་བྱ་བ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་ཐོག སློབ་གྲྭས་གོ་རིམ་ལྡན་པའི་ངང་སློབ་མགོ་རྩོམ་པ་དང་སློབ་མ་བདེ་འཇགས་ངང་སློབ་ཁྲིད་ལ་ཞུགས་པའི་ཐད་ལ་རྩོལ་བ་སྤྱད་པ་དང་། འགྲིམ་འགྲུལ་དང་ཁྲོམ་ར། ཚོང་གཉེར་སོགས་སླར་གསོ་བྱེད་པའི་ཐད་རྩོལ་བ་སྤྱད་དགོས་ཤིང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་ཁྱོན་ཡོངས་ནས་རྒྱུན་ལྡན་ལྟར་དུ་སླར་གསོ་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་དགོས་མཁོ་བསྐངས་ཏེ། རིགས་སོ་སོའི་མང་ཚོགས་རང་ཁྱིམ་ནས་སྒོ་ཕྱི་རུ་འགྲོ་བ་དང་སྤྱི་ཚོགས་ཡོངས་རིམས་བབ་ཀྱི་གྲིབ་ནག་འོག་ནས་ཕྱིར་འབུད་པར་འབད་བརྩོན་བྱ་དགོས། གསུམ་ནས་དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་དེ་སློབ་མགོ་སྒྲིག་ཡོད་ཀྱི་སྒོ་ནས་བརྩམ་པར་ཁག་ཐེག་བྱ་དགོས། 《སློབ་གྲྭའི་པྲོག་དབྱིབས་གློ་ཚད་རིམས་བབ་འགོག་སྡོམ་དང་དཔྱིད་དུས་ཀྱི་སློབ་མགོ་རྩོམ་པའི་བྱ་བ་སྔར་ལས་གཅིག་འདོམས་ཀྱིས་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》གྱི་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། “འགན་འཁྲི་ལྔ”མཐའ་གཅིག་ཏུ་ནན་དཀྲི་དང་ཤུགས་ཡོད་རྒུས“གཟིགས་སྐྱོང་གསུམ” བྱེད་པ། “རོགས་འདེགས་གསུམ”བྱེད་ཤུགས་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་སྟེ། སློབ་གྲྭའི་རྒྱུན་ལྡན་གྱི་རིམས་བབ་འགོག་སྡོམ་དང་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་ཁག་ཐེག་བྱ་དགོས། དེ་དང་ཆབས་ཅིག་ཏུ“སློབ་གྲྭ་རེར་ཐབས་ཇུས་རེའི”བླང་བྱ་ལྟར། དམ་འཛིན་གྱིས་མཐོ་རིམ་སློབ་གྲྭའི(མཐོ་རིམ་ལས་རིགས)སློབ་མགོ་རྩོམ་པའི་དོན་དག་ལ་དུས་མགོའི་བརྟག་ཞིབ་དང་དཔྱད་དཔོག་བྱས་ནས། ཆ་རྐྱེན་འཛོམས་པ་དང་དུས་ཀྱི་སྐལ་བ་བྱུང་ན་རྒྱུན་ལྡན་ལྟར་སློབ་མགོ་བརྩམས་ནས་སློབ་ཁྲིད་བྱ་དགོས། བཞི་ནས་བཙན་རྫོང་འཕྲོག་པ་ལྟ་བུའི་ངར་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། ངེས་པར་དུ་རྩོལ་བ་བླ་ལྷག་སྤྱོད་པ་དང་འགན་འཁྲི་བླ་མེད་འཁུར་བ། ནུས་པ་བླ་ལྷག་བཏོན་ཏེ་ལོ་འཁོར་གྱི་དམིགས་ཚད་ལ་ཞིབ་བསྡུར་བྱས་ནས་དུས་ཚིགས་གཉིས་པའི“སྐབས་ཡག་ཤོས”དམ་འཛིན་སྒོས་དམིགས་གཏད་རང་བཞིན་ལྡན་པའི་ཇུས་ཐབས་ལག་བསྟར་བྱས་ཏེ། འགོར་འགྱངས་བྱས་པའི་དུས་ཚོད་ཕྱིར་བརྩོན་ལེན་དང་ལྷག་ལུས་བྱུང་བའི་བྱ་བ་སླར་སྒྲུབ་པ། གྱོང་གུན་བཟོས་པར་ཁ་གསབ་བརྒྱབ་ནས་ཏང་དང་མི་དམངས་ལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི“རྒྱུགས་ལན”ཚད་ལྡན་ཞིག་འབུལ་བར་ཁག་ཐེག་བྱ་དགོས།

ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་འགོག་སྡོམ་ཁུལ་དུ་སྙོམ་སྒྲིག་བྱས་པའི་རྫོང(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ལྷན)32གྱི་མིང་ཐོ།

ཟི་ལིང་གྲོང་ཁྱེར་གྱི་སྟོང་སྐོར་རྫོང་དང་རྟ་ཐང་རྫོང་།

མཚོ་ཤར་གྲོང་ཁྱེར་གྱི་ཧོར་གྲོང་རྫོང་དང་ཕིན་ཨན་ཆུས། ལོ་ཏུའུ་ཆུས།

མཚོ་ནུབ་ཁུལ་གྱི་མང་ཡ་གྲོང་ཁྱེར་དང་། ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ལྷན། དུར་ལམ་རྫོང་། དབུས་ལམ་རྫོང་། ཐེམ་ཆེན་རྫོང་།

མཚོ་བྱང་ཁུལ་གྱི་མདོ་ལ་རྫོང་དང་རྐང་ཚ་རྫོང་། མདའ་བཞི་རྫོང་།

མཚོ་ལྷོ་ཁུལ་གྱི་གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་། འབའ་རྫོང་། མང་རྫོང་། བྲག་དཀར་རྫོང་།

ཡུལ་ཤུལ་ཁུལ་གྱི་ཆུ་དམར་ལེབ་རྫོང་དང་རྫ་སྟོད་རྫོང་། ཁྲི་འདུ་རྫོང་། ནང་ཆེན་རྫོང་། འབྲི་སྟོད་རྫོང་།

མགོ་ལོག་ཁུལ་གྱི་རྨ་སྟོད་རྫོང་དང་པད་མ་རྫོང་། གཅིག་སྒྲིལ་རྫོང་། དར་ལག་རྫོང་། དགའ་བདེ་རྫོང་།

རྨ་ལྷོ་ཁུལ་གྱི་ཐུན་རིན་རྫོང་དང་གཅན་ཚ་རྫོང་། རྨ་ལྷོ་སོག་རྫོང་། རྩེ་ཁོག་རྫོང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ3པའི་ཚེས17ཉིན།