མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང18པ)

ཚོང་དོན་པུའུ་དང་རྒྱལ་ཁབ་འཕྲོད་བདེ་ཨུ་ལྷན་གཉིས་ཀྱིས་མཉམ་འབྲེལ་སྒོས་དཔར་འགྲེམ་བྱས་པའི《སིལ་འཚོང་དང་བཟའ་བཏུང་ཁེ་ལས་ཀྱིས་པྲོག་དབྱིབས་ནད་དུག་གསར་བ་མཆེད་པའི་སྐབས་སུ་ཚོང་གཉེར་ཞབས་ཕྱིའི་ཐད་ནས་འགོག་སྡོམ་གྱི་ཕྱོགས་སྟོན》དང་རང་ཞིང་གི་རིམས་བབ་འགོག་སྡོམ་གྱི་ས་ཁུལ་དང་རིམ་པ་དབྱེ་བ་དང་། སྤྱི་ཐུན་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་ཟློག་རིམ་སྙོམ་སྒྲིག་བྱས་པའི་དོན་དངོས་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཀྱི་ལས་གཉེར་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏང་ཆེད། འདིར་འབྲེལ་ཡོད་དོན་ཚན་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་གཉེར་སྡེ་ཚན་ཡོངས(གསོལ་མགྲོན་ཁང་དང་ཟ་ཁང་། ཞོགས་ཟས་ཁང་། མཚན་ཟས་ཁང་སོགས་འདུ )ཀྱིས་དེ་རིང་ནས་བཟུང་སྟེ་ཁྱོན་ཡོངས་ནས་ལས་གཉེར་སླར་གསོ་བྱས་ཆོག

གཉིས། བཟའ་བཏུང་ལས་གཉེར་སྡེ་ཚན་གྱིས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་དང་། རིམས་བབ་འགོག་སྡོམ་གྱི་བྱེ་བྲག་གི་བྱེད་ཐབས་དོན་འཁྱོལ་བྱ་དགོས། ཚོང་དོན་སྡེ་ཁག་གིས་ལས་རིགས་ལ་མཛུབ་སྟོན་གྱི་ལས་འགན་ལག་བསྟར་དང་ཁྲོམ་རར་ལྟ་སྐུལ་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་རིམས་བབ་ལ་བརྟག་འཇལ་བྱེད་ཤུགས་ཇེ་ཆེར་གཏང་དགོས།

གསུམ། བཟའ་བཏུང་ལས་གཉེར་སྡེ་ཚན་གྱིས་ལས་གཉེར་སླར་གསོ་མ་བྱས་སྔོན་ལ། ལས་རྐང་དུ་ཕྱིར་ལོག་པའི་ལས་གཉེར་མི་སྣའི་བདེ་ཐང་སྐོར་རྩིས་ཐོར་དགོད་དགོས་ལ། ལས་གཉེར་མགོ་བརྩམས་རྗེས་སུ་ཉིན་རེའི་ཞོགས་པར་ལས་ཞུགས་མི་སྣའི་ལུས་པོར་བརྟག་བཤེར་དང་ལུས་དྲོད་ཚད་འཇལ་བྱ་དགོས། ལས་གཉེར་བྱེད་སར་རླུང་རྒྱུ་བར་བྱེད་པ་དང་བཟའ་བཏུང་སྤྱོད་ཆས་དང་སྒྲིག་ཆས་སྒྲིག་བཀོད་སོགས་ལ་དུག་སེལ་དང་བདེ་འཇགས་ཞིབ་བཤེར་བྱ་དགོས་པར་མ་ཟད། རིམས་ནད་འགོག་པའི་དགོས་ངེས་ཀྱི་དངོས་ཟོག་གྲབས་ཉར་ལེགས་པོ་བྱ་དགོས། རིམས་བབ་ཀྱི་ཉེན་ཁ་ཚབས་ཆེ་འབྲིང་གི་ས་ཁུལ་ནས་ཡོང་བའི་མི་སྣ་དང་རྒྱལ་ཁབ་ཕྱི་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣ་དག་བཟའ་བཏུང་ལས་གཉེར་མི་སྣར་གནས་སྐབས་སུ་གདན་འདྲེན་ཞུ་མི་ཆོག

བཞི། བཟའ་བཏུང་ལས་གཉེར་སྡེ་ཚན་གྱིས་ཁ་པར་གྱི་རྩ་གཉིས་ཨང་བཤེར་སྤྱད་དེ་རྩིས་སྤྲོད་པ་དར་སྤེལ་བྱ་དགོས། འཇུག་སྒོའི་འགྲམ་དུ་གསལ་ཞིང་མཐོང་སླ་བའི་བསྒྲགས་བྱང་བཙུགས་ཏེ། ཉིན15ཡི་ནང་ཚུན་དུ་ཞིང་ཆེན་ཕྱི་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣས་ཟ་ཁང་དུ་བཟའ་བཏུང་སྤྱད་མི་ཆོག་པ་གསལ་འདེབས་བྱ་དགོས། བཟའ་བཏུང་སྤྱོད་མཁན་ཟ་ཁང་དུ་ཐོན་རྗེས་ཡ་རབས་ཚུལ་ལྡན་གྱིས་བཟའ་བཏུང་སྤྱོད་པ་དང་མི་ཕན་ཚུན་བར་དུ་བར་ཐག་ངེས་ཅན་ཞིག་འཛིན་དགོས། བཟའ་བཏུང་སྤྱོད་མཁན་གྱིས་བཟའ་བཏུང་སྤྱོད་པའི་དུས་སུ་མ་གཏོགས་ཁ་ཐུམ་བརྒྱག་དགོས། སྤྱད་ཚར་རྗེས་དུས་ཐོག་ཏུ་ཕྱིར་འགྲོ་བ་ལས་དུས་ཡུན་རིང་བོར་བསྡད་མི་ཆོག

ལྔ། བཟའ་བཏུང་ལས་གཉེར་སྡེ་ཚན་གྱིས་འཕྲོད་བསྟེན་རིམས་འགོག་གི་ཤེས་བྱ་དྲིལ་སྒྲོག་དང་སློབ་གསོ་གཏོང་ཤུགས་ཇེ་དྲག་ཏུ་བཏང་ནས། ལས་གཉེར་མི་སྣ་རང་ངོས་ཀྱི་འཕྲོད་བསྟེན་དོ་དམ་ནུས་པ་ཇེ་ཆེར་གཏང་དགོས། ལས་གཉེར་མི་སྣ་ཡོངས་ཀྱིས་ཁ་ཐུབ་བརྒྱབ་ནས་ལས་ཀར་ཞུགས་པ་དང་། ཞབས་ཕྱི་སྒྲུབ་པའི་བརྒྱུད་རིམ་ཁྲོད་དུ་མགྲོན་པོ་དང་ཉེ་བར་བཅར་ཚད་གང་ཐུབ་ཀྱིས་ཇེ་ཉུང་དུ་གཏང་དགོས། ཟས་ཅོག་རེ་རེའི་མགྲོན་པོ་ཚོར་སྤྱི་སྤྱོད་ཐུར་མ་དང་ཁེམ་བུ་འདོན་སྤྲོད་བྱེད་པར་སྐུལ་མ་བཏང་ནས་སྣོལ་རེད་ཡོང་བ་སྔོན་འགོག་བྱ་དགོས།

དྲུག བཟའ་བཏུང་ལས་གཉེར་སྡེ་ཚན་གྱིས་དྲ་ཐོག་ནས་བཟའ་བཏུང་མངག་སྐྱེལ་དང་དྲ་ཕྱི་རུ་ཟས་ཐུམ་རྒྱག་པའི་བྱེད་ཐབས་སྤྱད་དེ། མི་ཚོགས་མང་བའི་རྩེ་སྒང་གཡོལ་ནས་ཟས་སྤྱོད་པ་དང་ཨང་རིམ་ལྟར་བོས་ནས་ཟས་ལེན་པ། བར་ཐག་ཕྱེ་ནས་གྲལ་སྒྲིག་པ་སོགས་ཞབས་ཕྱིའི་རྣམ་པ་གང་མང་སྤྱད་དེ་གྲལ་རིང་བསྒྲིགས་པའི་སྣང་ཚུལ་འབྱུང་བར་གཡོལ་དགོས། བཟའ་བཏུང་ལས་གཉེར་སྡེ་ཚན་གྱིས་ཟས་ཅོག་དང་རྐུབ་སྟེགས་ཉུང་སྒྲིག་དང་ཟས་ཅོག་གི་བར་ཐག་ཆེ་ཏུ་གཏོང་བ། ཟས་ཅོག་གི་བར་མཚམས་བཅད་ནས་ཟས་སྤྱོད་བ། དངོས་ལུགས་ལོགས་བཀར་གྱིས་ཟས་སྤྱོད་པ་སོགས་རིམས་བབ་འགོག་སྡོམ་བྱེད་ཐབས་སྤྱོད་པར་སྐུལ་མ་གཏང་དགོས། རིམས་ནད་འགོག་སྡོམ་གྱི་སྐབས་སུ་ཟུར་ཁང་དུ་འདུ་འཛོམས་བྱས་མི་ཆོག་ཅིང་། འདུ་འཛོམས་བྱས་ནས་བཟའ་བཏུང་སྤྱད་དེ་རིམས་བབ་འགོས་མཆེད་ཀྱི་ཉེན་ཁ་འབྱུང་བར་གཟབ་དགོས།

བདུན། བཟའ་བཏུང་ལས་གཉེར་སྡེ་ཁག་གིས《བཟའ་བཏུང་ཞབས་ཕྱིའི་ཟས་རིགས་བདེ་འཇགས་སུ་ལས་པའི་ཚད་གཞི》ཡི་བླང་བྱ་གཟབ་ནན་སྒོས་དོན་འཁྱོལ་བྱས་ཏེ། རིམས་ནད་ཞིབ་བཤེར་བྱས་མེད་པའི་ཕྱུགས་བྱའི་ཤ་རིགས་གསར་བ་ཉོ་མི་ཆོག་ལ། ཟས་རིགས་ལས་སྣོན་བྱེད་དུས་རློམ་པ་དང་ཚོས་མ་སོ་སོར་འགེར་བ་དང་། ཟས་རིགས་གསར་བ་དང་གཙང་མ། འབྱུང་འཕྲོད་བཅས་ཡིན་པ་ཁག་ཐེག་བྱ་དགོས། ཕྱིར་མངག་སྐྱེལ་གྱི་ཟས་རིགས་དེར་འབྲེལ་ཡོད་གཏན་ཕབ་དོན་འཁྱོལ་ནན་མོ་བྱས་ཏེ། བསྡེབས་སྐྱེལ་གྱི་བརྒྱུད་རིམ་ཁྲོད་དུ་སྦགས་བཙོག་བཟོ་བ་གཏན་འགོག་བྱ་དགོས། དེ་དང་ཆབས་ཅིག་ཏུ་བཟའ་བཅའི་གད་རྙིགས་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཡང་བསྐྱར་སྦགས་བཙོག་བཟོ་བར་གཡོལ་ཐབས་བྱ་དགོས།

བརྒྱད། རི་སྐྱེས་སྲོག་ཆགས་ཁྲིམས་འགལ་གྱིས་ཉོ་ཚོང་དང་བཟོ་འཚོང་། བཟའ་སྤྱོད་སོགས་བྱེད་པའི་བྱ་སྤྱོད་ཁྱོན་ཡོངས་ནས་གཏན་འགོག་དང་། ཟས་རིགས་ལས་གཉེར་བྱེད་སར་ཕྱུགས་བྱ་གསོན་པོ་གསོ་བ་དང་བཤའ་བ་སོགས་གཏན་འགོག་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ3པའི་ཚེས15ཉིན།