སློབ་གསོ་པུའུ་ཡིས་སློབ་འགོ་ཚུགས་པར་ཆ་རྐྱེན3འཛོམ་དགོས་ཟེར།

ནམ་ཞིག་ལ་ཆ་རྐྱེན་འདི་གསུམ་ཚང་ན་དེ་དུས་སློབ་འགོ་འཛུགས་རྒྱུ་ཡིན་ཞེས་སློབ་གསོ་པུའུ་ཡིས་དངོས་སུ་ལན་བཏབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རིམས་ནད”དམག་འཐབ་ཀྱི་བཀོད་སྒྲིག་ཁྲོད། ཚན་རིག་དང་མཐུན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པོའི་བྱེད་ཕྱོགས་གཙོ་བོ་ཞིག་ཡིན་ཞིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་ཧ་ཅང་གལ་འགངས་ཆེ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་ཁྲོད་སྟོབས་ཤུགས་གལ་ཆེན་ཞིག་ནི་མཐོ་རིམ་སློབ་གྲྭ་ཡིན་ལ། རང་རྒྱལ་དུ་ད་ལྟ་མཐོ་རིམ་སློབ་གླིང3000ཙམ་ཡོད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་སློབ་གསོའི་འཐབ་ཕྱོགས་དང་ལྷག་པར་དུ་མཐོ་རིམ་སློབ་གྲྭས་ལས་འགན་གང་འདྲ་ཞིག་འཁུར་ཡོད་པ་དང་། སློབ་གསོ་པུའུ་ལ་སྤྱིའི་བཀོད་སྒྲིག་གང་འདྲ་ཞིག་ཡོད་པ་གསལ་བོ་ཡོང་ཆེད། ཀྲུང་གོ་སློབ་གསོའི་ཚགས་པར་གྱི་གསར་འགོད་པས་སློབ་གསོ་པུའུ་ཡི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཏིང་ཧྥུན་ལ་བཅར་འདྲི་བྱས་པ་ལས་ཤེས་གསལ་བྱུང་གཤམ་གསལ་ལྟར།

མཐོ་རིམ་སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་སྟངས་གཙོ་བོ་ནི“མི་ལ་ལྟ་རྟོག”བྱེད་པ་དེ་རེད།

མཐོ་རིམ་སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་དེ་་གཙོ་བོ་“མི་ལ་ལྟ་རྟོག”བྱེད་རྒྱུ་འདིའི་སྟེང་དུ་ཡོད་ལ། དེ་དག་ལས་ཆེས་ཐོག་མའི“ལྟ་རྟོག་བྱ་ཡུལ”ཡང་དགུན་གནང་སྐབས་སུ་སློབ་གྲྭར་བསྡད་དེ་ཁྱིམ་དུ་ལོག་མེད་པའི་སློབ་མ་དང་དེ་བཞིན་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་སྔོན་ལ་སློབ་གྲྭར་ལོག་མཁན་གྱི་སློབ་མ་ཚུད་ཡོད། སློབ་མ་འདི་དག་ལ་བཀར་འཇུག་དང་དུག་སེལ་སོགས་ཕྱོགས་སོ་སོའི་ཐད་དོ་དམ་ནན་མོ་བྱ་དགོས་པ་དང་ཉིན་རེར་ལུས་དྲོད་ལ་ལྟ་བ། གནས་ཚུལ་སྙན་ཞུ་སོགས་བྱ་དགོས། “ལྟ་རྟོག་བྱ་ཡུལ”གཉིས་པ་ནི་ཕ་ཡུལ་དུ་ལོག་པའི་སློབ་མར་དམིགས་ནས་ཁོ་ཚོའི་གནས་ཡུལ་གྱི་རིམས་ནད་གནས་ཚུལ་ཤེས་རྟོག་བྱ་དགོས་པ་དང་། ཁོ་ཚོ་ཁྱིམ་ནས་ལོགས་སུ་བཀར་སྟེ་འདུ་འཛོམས་ཆེ་བའི་བྱེད་སྒོའི་ནང་མི་ཞུགས་པར་ཉིན་ལྟར་ལུས་དྲོད་ལ་བརྟག་དཔྱད་བྱ་དགོས་པའི་བླང་བྱ་བཏོན་ཡོད། མཐོ་རིམ་སློབ་གྲྭ་ཚང་མས་འཛིན་བདག་དང་ཁྲིད་སྟོན་པ། སློབ་གླིང་དང་ཚན་ཁག དེ་བཞིན་སློབ་གྲྭའི་འགོ་ཁྲིད་བཅས་ལ་སྐུལ་སློང་བྱས་ནས“མིས་མི་ལ་ལྟ་རྟོག་བྱེད་པའི”ལམ་ལུགས་བཙུགས་ནས་གཞི་གྲངས་མཐིལ་རྟོགས་བྱ་དགོས།

དོན་དངོས་དང་ཟུང་འབྲེལ་གྱིས་དྲ་ལམ་སློབ་སྦྱོང་གི་འཆར་གཞི་བཟང་བོ་འགོད་པ།

དྲ་ལམ་སློབ་གསོའི་ཐོན་ཁུངས་ཚང་མར་བདེན་དཔང་ར་སྤྲོད་དང་ཞིབ་བཤེར་ནན་པོ་བྱ་དགོས། མཐོ་རིམ་སློབ་གྲྭའི་ངོས་ཐད་ནས་བཤད་ན། སྔར་ཡོད་ཀྱི་བསླབ་ཚན་ཁྲིད་བྱའི་འཆར་གཞི་ལྟར་དྲ་ཐོག་ནས་སློབ་ཁྲིད་བྱེད་པ་དེ་སློབ་ཁྲིད་བྱེད་སའི་སློབ་ཁང་ནས་དྲ་ལམ་དུ་གོམ་པ་སྤོས། སློབ་གྲྭ་འབྲིང་ཆུང་གི་ངོས་ནས་བརྗོད་ན། ཐོན་ཁུངས་མཁོ་འདོན་བྱེད་པ་ཕུད། སློབ་གྲོགས་མེད་པའི་ཕྲུ་གུའི་སློབ་སྦྱོང་གི་ཁྱད་ཆོས་ཟུང་འབྲེལ་བྱེད་པ་དང་། དུས་མཚུངས་ད་དུང་དྲ་ཞུགས་དུས་ཚོད་སོགས་ལ་བསམ་བློ་བཏང་ནས་མིག་ཤེད་ལ་སྲུང་སྐྱོང་བྱ་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད།

ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་ལྟར་ན། སློབ་འགོ་ཚུགས་པར་ཆ་རྐྱེན་གསུམ་ཚང་དགོས།

ཀྲུང་དབྱང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་གདོང་གཏོད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བརྡ་སྦྱོར་ལ་བལྟས་ན། སློབ་འགོ་རྩོམ་རྒྱུ་ཕྱིར་འགྱངས་བྱེད་པ་ནི་རྩ་དོན་ཆེན་པོ་ཞིག་རེད།

སློབ་གསོ་པུའུ་ཡིས་ཉེ་ཆར་སློབ་འགོ་ཚུགས་པའི་ཐད་རྩ་དོན་རང་བཞིན་གྱི་བླང་བྱ་ཞིག་བཏོན་ཡོད་པས། ཆ་རྐྱེན་གསུམ་འཛོམས་རྗེས་གཞི་ནས་སློབ་འགོ་ཚུགས་པར་བསམ་བློ་གཏོང་དགོས། གཅིག་ནི་རིམས་ནད་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་ཡོད་པ། གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་པ་ཞེས་པ་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པ་ཞིག་ཡིན་ཞིང་། བྱེ་བྲག་ཏུ་རྫོང་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རིམ་པ་དང་བོའི་གནས་ཚུལ་གནད་ལ་འཁེལ་དགོས་པ། གཉིས་ནི་ཁྱིམ་བདག་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད་པའམ་ཡང་ན་སྤྱི་ཚོགས་ཀྱི་མི་སྣ་མང་ཆེ་བས་སློབ་འགོ་ཚུགས་ན་བདེ་འཇགས་རེད་ཅེས་བརྗོད་ཀྱི་ཡོད་པར་བསམ་བློ་གཏོང་བ། གསུམ་ནི་སློབ་འགོ་ཚུགས་རྗེས་དགོས་ངེས་ཀྱི་སྔོན་འགོག་དང་ཚོད་འཛིན། དངོས་ཟོག་ཆ་རྐྱེན་ཚང་མ་དམིགས་སར་འབྱོར་ཡོད་པ་སོགས་ཆ་རྐྱེན་འདི་གསུམ་འཛོམས་རྗེས་ད་བཟོད་སློབ་འགོ་ཚུགས་པར་བསམ་བློ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།