མཚོ་སྔོན་གྱིས“དོན་ཚན་ཆ་བཅུའི”ཕུགས་ཕན་བྱེད་ཐབས་བཏོན་ནས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོང་བཟང་པོ་བྱ་རྒྱུ་རེད།

ཟླ3ཚེས10ཉིན་ཞིན་ཧྭ་དྲ་བས་ཟི་ལིང་དུ་སྤེལ་བའི་འཕྲིན། རི་སྐྱེས་སྲོག་ཆགས་དང་སྐྱེས་དོངས་ལ་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོང་དང་དོ་དམ་བཟང་བོ་བྱ་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྔ་གཞུག་ཏུ《མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་དོ་དམ་ལ་སྔར་ལས་ལྷག་པར་ཤུགས་སྣོན་པའི་བྱེད་ཐབས་དོན་ཚན་བཅུ(གནས་སྐབས་ལག་བསྟར)》དང《མཚོ་སྔོན་ཞིང་ཆེན་གྱིས་རི་སྐྱེས་རྩི་ཤིང་གི་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་བྱེད་ཐབས་དོན་ཚན་བཅུ》གཏན་ལ་ཕབ།

ཡུལ་ཤུལ་རྩྭ་ཐང་གི་མཛེས་ལྗོངས།

ཆུ་གསུམ་འགོ་ཁུངས་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་གཞི་རྒྱུའི་བང་མཛོད་ཡིན། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས“དོན་ཚན་ཆ་བཅུའི”བྱེད་ཐབས་གཞིར་བཟུང་ནས་ཁྲིམས་ལུགས་དར་སྤེལ་དང་ཁྲིམས་བཞིན་ལྟ་དོམ། རི་ཐང་སྲུང་སྐྱོང་། སྲོག་ཆགས་ཀྱི་བསྟི་གནས་སྲུང་སྐྱོང་། རང་བྱུང་རིག་པའི་སློབ་གསོ་ལ་སོགས་ཕྱོགས་བཅུ་ནས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བཟང་བོ་དང་དོ་དམ་ནན་མོ་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཨན་ཀུང་གིས་འདི་སྐད། ད་ཕན་སྲིད་གཞུང་གིས་རི་སྐྱེས་སྲོག་ཆགས་ལ་ཁྲིམས་བཞིན་སྲུང་སྐྱོབ་དང་བཅོས་སྐྱོང་བཟང་བོ་བྱ་རྒྱུ་ཡིན་ཞིང་། ཐོག་མར་སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་ལ་རྟོག་ཞིབ་དང་། ཚད་ལེན། དཔྱད་དཔོག་གི་ལས་སྤེལ་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐམ་སའི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་སྙོམ་སྒྲིག་ཐོག་ཁྱབ་སྒྲོག་བྱ་རྒྱུ་དང་། སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་ཐད་ཀྱི་ཡིག་ཚགས་འཐུས་ཚང་བཟོས་ནས་སྲུང་སྐྱོང་དོ་དམ་བྱེད་ཐབས་མི་འདྲ་བ་ཚད་ལྡན་དུ་བཏང་ནས་ཚད་གཞི་ཡང་དག་གཏན་ལ་འབེབ་རྒྱུ་ཡིན་ཟེར།

ནགས་ལས་སྡེ་ཚན་གྱིས་ཉམས་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དཀོན་པོའི་རིགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ཏེ། སྲུང་སྐྱོབ་ལྟེ་གནས་འཛུགས་སྐྲུན་དང་སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་རྒྱུད་འདེད་ཐོན་ཁུངས་ལ་ཞིབ་འཇུག་ཐོག་སྲུང་སྐྱོང་འཆར་འགོད་བཟོས་ནས་མཚོ་བོད་མཐོ་སྒང་དུ་གནས་པའི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཕྱོགས་ཀྱི་རྒྱལ་ཁབ་རྒྱུད་རྒྱུ་མཛོད་ཐོག་མར་བསྐྲུན་པར་སྐུལ་འདེད་གཏང་རྒྱུ་དང་། ཉམས་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དཀོན་པོ་རིགས་དང་དེའི་རྒྱུད་འདེད་ཐོན་ཁོངས་དམིགས་སུ་བཟུང་ནས་སྲུང་སྐྱོབ་ནན་མོ་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་དང་། ཞིང་ཆེན་ནགས་རྩྭ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་འདི་སྐད།མཚོ་སྔོན་གྱིས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལས་དང་སྦྱར་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་མ་ལག་གང་མྱུར་གྱིས་བཙུགས་ཏེ། འབྲེལ་ཡོད་ཀྱི་ལག་རྩལ་དང་སྒྲིག་སྲོལ། ཚད་གཞི་སོགས་ཚད་ལྡན་དུ་བཏང་ནས་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་དང་འདུལ་གསོ་རྒྱུད་སྤེལ་ཐད་སྲུང་སྐྱོབ་བཟང་བོ་དང་དོ་དམ་ནན་མོ་བྱ་རྒྱུ་ཡིན་ཟེར།

རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱ་ཆེད། ཞིང་ཆེན་ནགས་རྩྭ་སྡེ་ཚན་གྱིས་རི་སྐྱེས་རྩི་ཤིང་གི་ཐོན་ཁུངས་ཡོངས་བཤེར་དང་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་རི་སྐྱེས་རྩི་ཤིང་ལ་ཚན་རིག་གི་ལམ་ནས་ཞིབ་འཇུག་བྱས་ཏེ། རྒྱ་སྨན་དང་བོད་སྨན་ལ་སོགས་པའི་སྲོལ་རྒྱུན་སྨན་རྫས་སུ་སྤྱོད་པའི་རི་སྐྱེས་རྩྭ་སྨན་རིགས་ཀྱི་སྲུང་སྐྱོང་སྲིད་ཇུས་སྐོར་གྱི་འཁྲིད་སྟོན་ལ་སྔར་ལས་ཤུགས་བསྣན་རྒྱུ་མ་ཟད། སྲིད་འཛིན་གྱི་ཆོག་འཐུས་ལ་ལྟ་རྟོག་ནན་མོ་བྱ་རྒྱུ་རེད།

གཞན་ཡང་མཚོ་སྔོན་གྱིས་སྲུང་སྐྱོབ་གཙོ་བོ་བྱ་ཡུལ་རི་སྐྱེས་རྩི་ཤིང་གསོ་སྤེལ་རྟེན་གཞི། རིགས་སྣ་དང་རྒྱུ་སྤུས་ཐོན་ཁུངས་མཛོད་བཅས་བཙུགས་ནས་རྩ་ཆེ་ཞིང་དཀོན་ལ། ཉམས་ཉེན་ཆེ་བའི་རི་སྐྱེས་རྩི་ཤིང་གི་ཐོན་ཁུངས་དེ་གནས་གཞན་སྲུང་སྐྱོབ་དང་རྟེན་གྱེས་ཉར་ཚགས། ཕྱིར་ལོག་གསབ་འཛུགས་ལ་སོགས་ཀྱི་སྲུང་སྐྱོབ་བྱེད་ཐབས་སྤྱོད་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།