འབའ་རྫོང་ཉེན་རྟོག་པས་མགོ་ལོག་ཉེན་རྟོག་པར་རོགས་སྒྲུབ་བྱས་ཏེ་མི་གསོད་ཉེས་ཅན་བྲོས་བྱོལ་མཁན་འཛིན་བཟུང་བྱས་པ།

ཉིན་འདི་དག་གི་རིང་ལ། འབའ་རྫོང་སྤྱི་བདེ་ཅུའུ་ཞོལ་མ་མངགས་གཏོང་ཁང་ལ་མགོ་ལོག་ཁུལ་རྨ་ཆེན་རྫོང་ར་རྒྱ་མངགས་གཏོང་ཁང་གིས་རོགས་རམ་བྱེད་པའི་ཁ་པར་བཏང་འོངས་ནས་བཤད་རྒྱུར། “དཔལ་ཆེ་གེ་མོ་ཡིས་ར་རྒྱ་གྲོང་རྡལ་དུ་མི་གསོད་གྱོད་དོན་བཟོས་རྗེས་བྲོས་བྱོལ་བྱས་ཤིང་། ཕལ་ཆེར་འབའ་རྫོང་ཞོལ་མ་ཡུལ་ཚོ་རུ་བྲོས་སོང་པས། ཁྱེད་མངགས་གཏོང་ཁང་གིས་རོགས་རམ་བྱས་ཏེ་འཛིན་བཟུང་བྱེད་རོགས”ཞེས་བཤད་པ་རེད།

ཉེས་ཅན་འཛིན་བཟུང་ལ་རོགས་སྒྲུབ་བྱེད་པའི་ཁ་པར་འབྱོར་རྗེས། འབའ་རྫོང་མངགས་གཏོང་ཁང་གི་ཚོགས་འདུ་ལ་ཞུགས་པའི་ཞོལ་མ་ཡུལ་ཚོའི་མངགས་གཏོང་ཁང་གི་འགན་ཁུར་མི་སྣ་པདྨ་རྡོ་རྗེ་ཡིས་མྱུར་དུ་ཅུའུ་རིམ་པའི་འགོ་ཁྲིད་ལ་སྙན་གསེང་ཞུས་ནས། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དག་གིས་མྱུར་དུ་འགུལ་སྐྱོད་བྱེད་དགོས་པའི་བརྡ་བཏང་། བདེ་འཇགས་ལ་མཉམ་འཇོག་དང་གནས་ཚུལ་དུས་ལྟར་ཡར་ཞུ་བྱེད་དགོས་ཟེར། མཚན་བརྒྱབ་ནས་རླངས་འཁོར་བསྐོར་ཏེ་ཞོལ་མ་ཡུལ་ཚོ་རུ་སླེབས། ཞོལ་མ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བཀོད་སྒྲིག་གཞིར་བཟུང་སྟེ་ཉེས་ཅན་འཛིན་བཟུང་བྱེད་པའི་འགུལ་སྐྱོད་དངོས་སུ་སྤེལ་བ་རེད།

ཟླ3ཚེས6ཉིན་གྱི་ཞོགས་པའི་དུས་ཚོད2དང་སྐར་མ30ཡི་སྟེང་མི་དམངས་ཉེན་རྟོག་པས་མངའ་ཁོངས་དེའི་ཧ་མའར་ཡ་འགག་དུ་དོགས་གཞི་ཡོད་པའི་སྐྱེས་པ་ཞིག་བཀག་པ་རེད། འདྲི་གཅོད་བྱས་པ་བརྒྱུད་སྐྱེས་པ་དེ་ནི་འཛིན་བཟུང་བྱེད་རྒྱུའི་མི་གསོད་ཉེས་ཅན་དཔལ་ཆེ་གེ་མོ་ཡིན་པ་གཏན་ཁེལ་བྱས་ཤིང་། ཞོགས་པའི་དུས་ཚོད5ཡི་སྟེང་དོགས་ཡོད་ཉེས་ཅན་དཔལ་ཆེ་གེ་མོ་མགོ་ལོག་ཁུལ་རྨ་ཆེན་རྫོང་སྤྱི་བདེ་ཅུའུ་ཡི་ར་རྒྱ་མངགས་གཏོང་ཁང་ལ་དངོས་སུ་སྤྲད་པ་རེད།

འབའ་རྫོང་སྤྱི་བདེ་ཅུའུ་ཞོལ་མ་མངགས་གཏོང་ཁང་གིས་དོགས་ཡོད་ཉེས་ཅན་བདེ་བླག་ངང་འཛིན་བཟུང་བྱས་པའི་གནས་ཚུལ་ཐོས་རྗེས། མགོ་ལོག་ཁུལ་སྤྱི་བདེ་ཅུའུ་ཏང་ཨུ་དང་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག རྨ་ཆེན་རྫོང་སྤྱི་བདེ་ཅུའུ་ར་རྒྱ་མངགས་གཏོང་ཁང་བཅས་ཀྱིས་ཞོལ་མ་མངགས་གཏོང་ཁང་ལ་མྱུར་དུ་རོགས་སྒྲུབ་བྱེད་དུ་སོང་བ་མ་ཟད། མི་གསོད་ཉེས་ཅན་བདེ་བླག་ངང་འཛིན་བཟུང་བྱས་པ་ལ་སེམས་བསམ་པའི་གཏིང་ནས་བཀའ་དྲིན་དང་། དེའི་མི་ཚད་བཀའ་དྲིན་འཕྲིན་ཡིག་ཀྱང་སྤྲིངས་ནས། ས་ཁུལ་གཉིས་ཀྱིས་མཉམ་ལས་བྱེད་པ་དང་མཛའ་བརྩེ་ཡུན་དུ་བརྟན་པའི་རེ་བ་བཅངས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།