བྱིས་པའི་ཕན་བདེ་སྒྲིག་འཛུགས་ལ་རིམས་ནད་སྐབས་འགོག་ཟོན་ཚོད་འཛིན་གྱི་གྲུབ་འབྲས་འབུར་ཐོན་མངོན་པ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་དམངས་སྲིད་ཐིན་བྱིས་པའི་ཕན་བདེ་ཁྲུའུ་ཡིས་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ས་ཁུལ་གྱི་བྱིས་པའི་ཕན་བདེ་སྒྲིག་འཛུགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྐབས་ཀྱི་རིམ་པ་སོ་སོའི་རིམས་འགོག་ཚོད་འཛིན་བྱ་བ་ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། ས་ཁུལ་སོ་སོའི་ཕན་བདེ་སྒྲིག་འཛུགས་དག་གིས་དུས་ཚོད24ཡི་རིང་ལ་ལས་རེས་བྱེད་པ་རྒྱུན་འཁྱོངས་དང་ཉིན་རེའི་སྙན་ཞུ། སྒྲིག་འཛུགས་སོ་སོའི་ཁྱོན་ཡོངས་ནས་བཀག་སྡོམ་བདག་དོམ་སྒྲིག་སྲོལ་སྤེལ། བྱིས་པའི་སྡོད་གནས་ཁྱབ་ཁོངས་དང་སྤྱི་གཞུང་ཁྱབ་ཁོངས་སུ་ཉིན་རེར་དུས་བཅད་ལྟར84དུག་སེལ་གཤེར་ཁུས་གཙང་བཀྲུ་དུག་སེལ་བྱས། ཁྱིམ་ཆས་དང་རྩེད་ཆས། ཡོ་ཆས། གསོལ་ཆས་སོགས་ལ་ཡང་ཉིན་རེར་དུས་ཚོད་ལྟར་དུག་སེལ་བྱས་ཡོད། བྱིས་བཅོལ་གཉོར་སྐྱོང་དང་ཁྱིམ་ཚང་དག་ལ་ཁ་པར་གྱི་ལམ་ནས་འདྲི་རྟོག་བྱེད་པ། སྐད་འཕྲིན་ཚོམ་ལས་བྱ་བའི་ཐད་ལ་འབྲེལ་གཏུག་བྱེད་པ་བཅས་ལ་ཤུགས་བསྣན་ཏེ། དུས་ལྟར་བྱིས་བཅོལ་གཉོར་སྐྱོང་ཁང་གི་བྱིས་པ་དང་ཁྱིམ་ཚང་དག་གི་གནས་ཚུལ་ཁོང་དུ་ཆུད་པར་བྱས། བེད་མེད་དོར་བསྐྱུར་སྙིགས་རྫས་དག་སྨན་བཅོས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁ་ཐུམ་དོར་འདོར་དང་འགོག་སྲུང་ཞྭ་མོ་སོགས་དངོས་རྫས་དག་དོར་འདོར་ཐག་གཅོད་གང་ལེགས་བྱས་ཏེ། བསྣོལ་སྡེབ་རིམས་འགོས་ལ་གཡོལ་ནས་འགོས་ནད་ཐེབས་པའི་ཚད་གཞི་ཇེ་དམའ་རུ་བཏང་། ས་ཁུལ་སོ་སོའི་ཕན་བདེ་སྒྲིག་འཛུགས་ཀྱིས་སྒྲིག་འཛུགས་ནང་ཁུལ་གྱི་ཚད་ལྡན་ཅན་གྱི་ཞབས་ཞུའི་སྒྲིག་སྲོལ་གཟབ་ནན་སྒོས་སྤེལ་ནས་འགོག་སྲུང་བྱ་བ་ལེགས་པོ་སྒྲུབ། ཉིན་རེར་དུས་ཚོད་ལྟར་བྱིས་པ་དག་གི་ལུས་པོའི་ཚ་གྲང་ལ་ཚད་ལེན་བྱས་པ་ཟིན་ཐོར་བཀོད། བདག་སྐྱོང་མི་སྣ་དག་གིས་བྱིས་པ་རེ་རེ་ལ་དུས་ལྟར་དུག་སེལ་དང་བྱིས་པའི་བཟའ་བཏུང་ལུགས་མཐུན་སྒོས་གཏན་འབེབས་ངང་བྱིས་པ་དག་ལ་འཚོ་བཅུད་འདང་ངེས་མཁོ་སྤྲོད་བྱེད་པ་དང་ཆབས་ཅིག བྱིས་པའི་རིམས་འགོག་ནུས་པ་ཡང་མཐོར་འདེགས་སུ་བཏང་།

ཞིང་ཆེན་གྱི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་སྟེ། ས་ཁུལ་སོ་སོའི་ཕན་བདེ་སྒྲིག་འཛུགས་དག་གིས་ཐོག་མའི་དུས་ཚོད་ནང་ཏོག་གསར་གློ་ཚད་རིམས་འགོག་ཚོད་འཛིན་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་མགྱོགས་མྱུར་སྒོས་རིམས་འགོག་ཚོད་འཛིན་ཀྱི་སྐབས་བསྟུན་འགོག་ཟོན་གྱོད་དོན་གཏན་འབེབས་བྱས། དེ་ཡང་མི་སྣའི་བདག་དོམ་དང་འགོག་སྲུང་བྱེད་ཐབས། དངོས་ཟོག་འགན་སྲུང་། འགན་འཁྲི་དངོས་འབེབས་སོགས་ཀྱི་ཐད་ལ་བཀོད་སྒྲིག་གང་ལེགས་བྱས་ཏེ། རིམས་འགོག་ཚོད་འཛིན་བྱ་བའི་ཐད་ལ་སྒྲིག་འཛུགས་འགན་སྲུང་བྱས་ཡོད། རིམས་འགོག་ཚོད་འཛིན་སྐབས་སུ་ས་ཁུལ་སོ་སོའི་བྱིས་པའི་ཕན་བདེ་སྒྲིག་འཛུགས་ཀྱིས་ཆབ་སྲིད་འཆད་པ་དང་བྱས་རྗེས་འཆད་ནས། ཏང་དང་རྒྱལ་ཁབ། ཞིང་ཆེན་ཏང་ཨུའི་ཞིང་ཆེན་སྲིད་གཞུང་གི་རེ་འདུན་ལག་བསྟར་མངོན་འབེབས་རྒྱུན་འཁྱོངས་བྱས་ཏེ། ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་ཟོན་ཚོད་འཛིན་བྱ་བའི་དུས་རིམ་རང་བཞིན་དེ་ཡོངས་འགྲུབ་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།