དུར་ལམ་རྫོང་སྤྱི་བདེ་ཅུའུ་ཡིས་ཁ་ཐུམ་རྫུན་མ་ཉོ་འཚོང་དང་མགོ་སྐོར་བཏང་བའི་གྱོད་དོན་ཞིག་བརྟོལ་བ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ། དུར་ལམ་རྫོང་སྤྱི་བདེ་ཅུའུ་ཡིས་ཁ་ཐུམ་རྫུན་མ་ཉོ་འཚོང་དང་མགོ་སྐོར་བཏང་བའི་གྱོད་དོན་ཞིག་བརྟོལ་བ་རེད།

ཟླ3ཚེས2ཉིན་གྱི་དུས་ཚོད9ཡས་མས་སྟེང་། དུར་ལམ་རྫོང་སྤྱི་བདེ་ཅུའུ་ལ་མང་ཚོགས་ཀྱི་ཞུ་གཏུག་སྙན་ཞུ་འབྱོར་ནས་བཤད་རྒྱུར། སྐད་འཕྲིན་གྱི་ནང་དྲ་གྲོགས་ཤིག་གིས་གཅིག་སྤྱོད་ཁ་ཐུམ་ཕྱིར་འཚོང་བྱེད་པའི་གནས་ཚུལ་གྱི་བརྡ་ཁྱབ་སྤེལ་བ་དང་། རྗེས་སུ་གྲོགས་པོ་དང་ཆབས་ཅིག་དྲ་གྲོགས་དེའི་ལག་ནས་ཁ་ཐུམ་མངགས་ཉོ་བྱས། སྔ་གཞུག་ཏུ་ཐེངས་མང་པོར་སྐད་འཕྲིན་སྟེང་སྒོར་མོ་སྤྲོད་པའི་བྱེད་ཐབས་བརྒྱུད་ཁ་ཐུམ་གྱི་རིན་དངུལ་སྒོར་འབུམ་གཅིག་ལྷག་བསྐོར། དྲ་གྲོགས་གང་དེས་ཁ་ཐུམ་གྱི་རིན་དངུལ་འབྱོར་ན་ཡང་དངོས་པོ་གཏན་ནས་མི་བསྐུར་བ་མ་ཟད། མི་གཉིས་ཀའི་ཁ་པར་ཨང་གྲངས་ནག་སྒྱུར་དང་སྐད་འཕྲིན་ཡང་ཡིབ་སྤས་བྱས་ཡོད།

ཞུ་གཏུག་སྙན་ཞུ་འབྱོར་རྗེས། གྱོད་དོན་གྱི་ངོ་བོའི་ནག་ཉེས་ལ་གསལ་འབྱེད་གསལ་བོ་བྱས་ཏེ། རྫོང་སྤྱི་བདེ་ཅུའུ་ཡིས་ཉེན་རྟོག་པའི་སྟོབས་ཤུགས་གཅིག་བསྡུས་སྒོས་ཉེས་དོན་ཉེན་རྟོག་རུ་ཆེན་དང་དྲ་རྒྱའི་སྤྱི་བདེ་རུ་ཆེན་གཉིས་ཀྱིས་ལག་རྩལ་ཞིབ་འཇུག་རྩད་གཅོད་བརྒྱུད། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་ཏུང་གཏན་ཁེལ་བྱས་ཏེ། ཐོག་མའི་དུས་ཚོད་ཀྱི་ནང་དུ་དྲ་ལམ་རྗེས་འདེད་མི་སྣའི་གྲས་སུ་བཞག ཞིབ་འཇུག་ཚད་གཅོད་ཚན་ཆུང་གིས་དུས་ཚོད50ལྷག་ལ་ཧུར་བརྩོན་སྒོས་རྩད་གཅོད་རྟོག་ཞིབ་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་ཏུང་འགུལ་སྐྱོད་བྱེད་སའི་བར་སྟོང་གཏན་ཁེལ་ཐུབ་པར་གྱུར། དེ་དང་ཆབས་ཅིག་ཉེན་རྟོག་པས་ཉིན་མཚན་དབྱེར་མེད་སྒོས་ལམ་ཐིག་དེད་ནས་རྗེས་འདེད་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་པའི་ལས་ཀ་འགོ་བརྩམས་པ་རེད།

ཟླ3ཚེས4ཉིན་གྱི་དགོང་མོའི་དུས་ཚོད22ཡས་མས་སུ། མཚོ་ཤར་གྲོང་ཁྱེར་དམར་གཙང་ས་ཁུལ་སྤྱི་བདེ་ཅུའུ་ཡི་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་རོགས་སྒྲུབ་འོག འཛིན་བཟུང་ཚན་ཆུང་གི་མི་དམངས་ཉེན་རྟོག་པས་ཟ་ཁང་ཞིག་གི་ནང་དུ་དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་ཏུང་འཛིན་བཟུང་བྱས་པ་རེད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། ལོ་སར་གྱི་སྐབས་སུ་ཀྲང་ཆེ་གེ་མོ་ཏུང་གིས་རིམས་ནད་འགོག་ཟོན་དུས་སྐབས་སུ་ཁ་ཐུམ་རྫུན་མ་འཚོང་བའི་ངན་སེམས་བཅངས་ཡོད་པས། མང་ཚོགས་ལ་ཁ་ཐུམ་མཁོ་བའི་སེམས་ཁམས་དེ་བེད་སྤྱད་ནས་རང་ཉིད་ལ་ཁ་ཐུམ་འཚོང་རྒྱུ་ཡོད་ཚུལ་རྫུན་བཟོ་བྱས་ཏེ། སྐད་འཕྲིན་གྱི་གྲོགས་ཚོམས་སུ་ཁ་ཐུམ་འཚོང་རྒྱུ་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས།

རྩད་གཅོད་ལྟར་ན། དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་ཏུང་ལ་མགོ་སྐོར་གཏོང་བའི་དོགས་གཞི་ཡོད་པ་དང་མགོ་སྐོར་གཡོ་ལེན་བྱས་པའི་སྒོར་མོའི་ཁ་གྲངས་ཡང་མོད་པས། ཉེས་དོན་བཀག་སྐྱིལ་བྱས་ཡོད། གྱོད་དོན་དེ་ད་ལྟ་འདྲི་གཅོད་བྱེད་བཞིན་པའི་སྒང་ཡིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།