གཅིན་དུག་ནད་ཀྱི་འབྱུང་རྐྱེན་རྙེད་པར་གྱུར། ཉིན་རྒྱུན་འཚོ་བའི་ཁྲོད་གཤམ་གྱི་སྤྱོད་ལམ་མི་འདྲ་བ4ལ་བཅོས་སྒྱུར་ཡོ་བསྲང་བྱ་དགོས།

གཅིན་དུག་ནད་ཞེས་པ་ནི་མཁལ་མའི་ནུས་པ་ཉམས་པའི་དུས་མཇུག་གི་དུས་རིམ་ཡིན་ལ། མཁལ་མའི་བྱེད་ནུས་དེ་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་མ་ཐུབ་པར་ཟགས་ཐོན་རྩ་འཁྲུག་དང་སྙིགས་འདོར་བཅུད་ལེན་རྒྱུན་ལྡན་མིན་པར་གྱུར་སྟེ། དུག་ཕྱིར་འདོན་གྱི་གཅིན་པ་མེད་པའི་ནད་རྟགས་བྱུང་ནས། ལུས་སྟེང་གི་དུག་རྒྱུ་དང་གད་སྙིགས་ལུས་སྟེང་དུ་ལུས་པ་བརྒྱུད་རིམས་ནད་རབ་དང་རིམ་པ་བྱུང་བ་རེད། ཚབས་ཆེ་ཤོས་ཀྱིས་མི་རྣམས་ཀྱི་ཚེ་སྲོག་ལ་འཇིགས་སྣང་ཐེབས་སྲིད། དོན་ངོ་མས་གཅིན་དུག་ནད་ཕོག་པ་དེ་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་གོམས་སྲོལ་དང་འབྲེལ་བ་དམ་པོ་ཡོད་པ་རེད།

1.ལན་ཚྭ་ཟ་རྒྱུ་མང་དྲགས་པ།

རྒྱུན་ལྡན་འཚོ་བའི་ཁྲོད་མི་སྐོར་ཞིག་ཚྭ་མོད་པོའི་ཟས་རིགས་ཟ་རྒྱུར་དགའ་ཞིང་། དེ་མིན་ཟས་རིགས་ལ་བྲོ་བ་མེད་པ་དང་ཡི་ག་མེད་པའི་སྣང་བ་སྟེར། འོན་ཀྱང་མི་ལུས་ལ་ནམ་རྒྱུན་ཚད་ལས་བརྒལ་བའི་ལན་ཚྭ་ཡི་ཟས་རིགས་མོད་པོ་བཏང་ན། ལུས་སྟེང་གི་ནཱ་རྡུལ་ཚད་ལས་བརྒལ་སྟེ་ཁྲག་ཤེད་མཐོ་བའི་རིམས་ནད་འབྱུང་སྲིད་ལ། ད་རུང་མཁལ་མའི་སྙིགས་འདོར་བཅུད་ལེན་ཐད་ལ་ཡང་གནོན་ཤུགས་ཆེན་པོ་སྤྲོད་སྲིད་པས། དལ་བའི་རང་བཞིན་གྱི་མཁལ་མའི་ནུས་པ་ཤོར་བའི་ནད་འབྱུང་ངེས། དུས་ཡུན་རིང་པོར་དེ་ལྟར་བྱས་ཚེ་གཅིན་དུག་ནད་ཕོག་པའི་ཚད་གཞི་ཇེ་ཆེར་འགྲོ་བ་རེད།

2.ཆུ་བཏུང་རྒྱུ་ཉུང་དྲགས་པ།

ཆུ་ནི་མི་རྣམས་ཀྱི་ཚེ་སྲོག་གི་བསྡུས་གཟུགས་གལ་ཆེན་ཞིག་ཡིན་པས། ཆུ་མང་པོ་བཏུང་ན་མི་ལུས་ཀྱི་ཆུའི་གྲུབ་ཆའི་རྒྱུན་ལྡན་གྱི་འཁོར་སྐྱོད་ལ་ཁ་གསབ་བྱེད་ཐུབ། ད་རུང་ལུས་སྟེང་གི་ཟུངས་ཁྲག་གི་སྟུག་ཚད་ཡང་ཇེ་ཡངས་སུ་བཏང་ནས་ཟུངས་ཁྲག་གི་འཁོར་རྒྱུག་ལ་བཅོས་སྒྱུར་བྱས་ནས། ཁྲག་འཁེག་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ་རེད། ཡིན་ཡང་གལ་ཏེ་འཚོ་བའི་ཁྲོད་ཆུ་བཏུང་རྒྱུ་ཉུང་དྲགས་ན། མི་ལུས་ལ་ཆུ་ཉུང་བའི་གནས་ཚུལ་བྱུང་བ་དང་མི་ལུས་ཀྱི་སྙིགས་འདོར་བཅུད་ལེན་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་པ་དང་གཅིན་ཕྱིར་འདོན་ལ་འགོག་རྐྱེན་ཐེབས་ནས། གཅིན་ལམ་མ་ལག་ལ་ནད་དུག་འགོས་ནས་མཁལ་མར་རྡོ་གསོག་པ་སོགས་ཀྱི་རིམས་ནད་འབྱུང་བ་དང་གཅིན་དུག་ནད་ཕོག་པའི་ཉེན་ཁ་ཡང་ཇེ་ཆེར་འགྲོ་སྲིད།

3.མངར་ཆའི་ཟས་རིགས་ལ་དགའ་བ།

རིགས་མི་འདྲ་བའི་མངར་ཟས་ལ་བྲོ་བ་ཁྱད་པར་ཅན་ཞིག་ཡོད་པས་མི་རྣམས་ཧ་ཅང་དགའ་ངེས། འོན་ཀྱང་མངར་ཟས་ཁྲོད་དུ་ཀ་རའི་གྲུབ་ཆ་མོད་པོ་འདུས་ཡོད་ལ། དེ་ནི་ཚྭ་འདུས་མོད་པའི་ཟས་རིགས་སུ་གཏོགས། ནམ་རྒྱུན་མངར་ཟས་མང་པོ་ཟོས་ན་ལུས་སྟེང་གི་ཁྲག་གི་མངར་ཆ་ཇེ་མཐོར་སོང་ནས་གཅིན་སྙི་ཟ་ཁུའི་ནད་འབྱུང་སྲིད། གཅིན་སྙི་ཟ་ཁུའི་ནད་ནི་དལ་བའི་རང་བཞིན་གྱི་མཁལ་མའི་ནད་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ཡིན་པས། རྟོག་ཞིབ་གཞི་གྲངས་ལས་མངོན་པ་ལྟར་ན། གཅིན་སྙི་ཟ་ཁུའི་ནད་པའི་ཁྲོད་གཅིན་དུག་ཕོགཔའི་ནད་པའི་ཟིན་ཚད་ནི30%ཡིན།

4.ནམ་རྒྱུན་གཅིན་ཕྱིར་འདོན་པ་བསྲན་པ།

མཁལ་མའི་དབང་བོའི་བྱེད་ནུས་ནི་གཅིན་པ་བཟོ་རྒྱུ་དེ་ཡིན་ལ། འཚོ་བའི་ཁྲོད་མི་སྐོར་ཞིག་གིས་གཅིན་པ་ཕྱིར་འདོར་བཟོད་བསྲན་བྱེད་ངེས། ནང་སྒོས་སུ་དམིགས་གསལ་ལས་རིགས་ཅན་སྐོར་ཞིག་གིས་གཅིན་པ་བསམ་བསེ་ནང་དུ་བསྲན་ནས་འབུ་ཕྲ་བསྐྱེད་དུ་འཇུག་ལ། དེས་མཁལ་མའི་གཉན་ཚད་སོགས་ཀྱི་ནད་རྟགས་བྱུང་དུ་འཇུག་པ་རེད། དེ་དང་ཆབས་ཅིག་གཅིན་པ་ཡང་བསྐྱར་མཁལ་མའི་རྩ་ལམ་ལ་ཁྱབ་ནས་མཁལ་མའི་གནོད་སྐྱོན་བཟོས་ནས་མཁལ་མའི་བྱེད་ནུས་མར་འགྲིབ་སྟེ་གཅིན་དུག་གི་ནད་གཞི་བསྐྱེད་ངེས།

གཅིན་དུག་ནད་སྔོན་འགོག་གི་གོམས་གཤིས་ལེགས་པོ་འགའ་ངོ་སྤྲོད།

ཉལ་ཁར་རྐང་བ་ཆུ་ནང་དུ་སྦངས་པ།

ཉལ་ཁར་རྐང་བ་ཆུ་དྲོན་མོའི་ནང་སྦངས་ན། མི་རྣམས་ཀྱིས་ཉིན་དཀར་བྲེལ་འཚུབ་ལས་ཀའི་སེམས་ཁམས་དེ་ཇེ་ལྷོད་དང་རང་ཉིད་ལྷོད་གཡེང་དུ་བཏང་ནས་ལུས་སེམས་ཀྱི་བདེ་ཐང་སྙོམས་སྒྲིག་བྱེད་ཐུབ། དེའི་མི་ཚད་རྐང་བའི་དྲོད་སྲུང་བྱེད་ནུས་ཡང་ཐོན་ཐུབ། ལུས་སྟེང་གི་ཟུངས་ཁྲག་འཁོར་སྐྱོད་ལ་སྐུལ་འདེད་སྒོས་མི་ལུས་ཀྱི་རྙིང་ཚབ་གསར་བརྗེ་ཇེ་མགྱོགས་སུ་བཏང་ནས། ལུས་སྟེང་གི་དུག་རྒྱུ་དང་གད་སྙིགས་ཕྱིར་འདོན་ཐུབ་པ་མ་ཟད། མཁལ་མར་བདེ་སྲུང་ནུས་པ་ཐོན་པ་དང་གཅིན་དུག་སྔོན་འགོག་བྱེད་ཐུབ།

སྨན་གང་འདོད་དུ་ཟ་མི་རུང་།

སྨན་གྱི་སུམ་ཆའི་གཅིག་ནི་དུག་ཡིན་པས། ནམ་རྒྱུན་ནད་བྱུང་དུས་གང་ནུས་སྒོས་སྨན་པར་སྟོན་རྒྱུ་ལས་དཀའ་ཁག་ལ་འཛེམ་པ་དང་ད་རུང་རང་ཉིད་ལ་སྨན་སྟེར་བ་སོགས་བྱེད་མི་རུང་། ནང་སྒོས་སུ་ཆམ་པའི་སྨན་དང་སྐྱེ་འགོག་གཞི་རྒྱུ། ཟུག་འཇོམས་སྨན་སོགས་ངེས་པར་དུ་སྨན་པའི་ངག་བཅོལ་ལྟར་བཏུང་རྒྱུ་ལས། གང་འདོད་དུ་ཟོས་ན་མཁལ་མར་གནོད་པ་བཟོས་ནས་མཁལ་མའི་ནུས་པ་ཇེ་ཞན་དུ་འགྲོ་ངེས། ཚབས་ཆེ་དུས་མཁལ་མའི་བྱེད་ནུས་ཡོངས་སུ་ཉམས་པ་དང་གཅིན་དུག་གི་རིམས་ནད་འབྱུང་སྲིད།

དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱེད་དགོས།

རིམས་ནད་གང་ཞིག་ཡིན་རུང་ཚང་མར་སྔོན་འགོག་དང་སྨན་བཅོས་བྱེད་དགོས་པས། ནམ་རྒྱུན་དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱེད་པའི་གོམས་གཤིས་ལོབས་སུ་འཇུག་དགོས། གནད་དོན་བྱུང་ཚེ་དུས་ལྟར་ཐག་གཅོད་བྱེད་དགོས། ནང་སྒོས་སུ་མཁལ་མའི་ནད་བྱུང་ཚེ་གང་འདོད་དུ་བསྐྱུར་མི་རུང་། དལ་བའི་རང་བཞིན་གྱི་མཁལ་མའི་རིམས་ནད་དུས་ལྟར་སྨན་བཅོས་མ་བྱས་ཚེ་དེ་ནི་གཅིན་དུག་ཕོག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། ངེས་པར་དུ་གཟབ་ནན་བྱེད་དགོས།

བརྩེ་བའི་གསལ་འདེབས། 

འཚོ་བའི་གོམས་གཤིས་ལེགས་པོ་ལ་ལོབས་རྒྱུ་དེ་ནི་ལུས་པོའི་བདེ་ཐང་གི་འགན་སྲུང་ཡིན་པས། ནམ་རྒྱུན་སྔ་མོར་ཉལ་བ་དང་སྔ་མོར་ལངས་པ་བཅས་ཀྱིས་རང་ཉིད་ཀྱི་བདེ་སྲུང་ལ་ཕན་ནུས་ངེས་ཅན་ཞིག་ཐོན་དགོས། ནམ་རྒྱུན་ལུས་པོ་སྦྱོང་བརྡར་འོས་འཚམ་བྱས་ཏེ་གློ་སྙིང་གི་བྱེད་ནུས་ཆེས་ཆེར་གཏོང་བ་དང་། མི་ལུས་ཀྱི་རིམས་འགོག་ནུས་པ་མཐོར་འདེགས་ཀྱིས་རིམས་ནད་འབྱུང་བའི་ཚད་གཞི་ཇེ་ཉུང་དུ་གཏོང་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།