མཚོ་ཤར་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་པས་དུས་ཚོད3གྱི་རྟོག་ཞིབ་རྩད་གཅོད་བརྒྱུད་རླངས་འཁོར་དོན་རྐྱེན་ལས་བྲོས་བྱོལ་བྱས་པའི་གྱོད་དོན་ཞིག་བརྟོལ་བ།

རང་རེའི་དྲ་བའི་འཕྲིན། ཟླ3ཚེས6ཉིན་གྱི་དུས་ཚོད17དང་སྐར15སྟེང་། མཚོ་ཤར་གྲོང་ཁྱེར་མཚོ་ཤར་ཙོང་ཆུའི་གཞིས་ཁུལ་གསར་བའི་སྤྱི་བདེ་ཡན་ལག་ཅུའུ་འགྲིམ་འགྲུལ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་མ་ག་གེ་མོ་ཡིས་ཞུ་གཏུག་ལས་བཤད་རྒྱུར། རང་ཉིད་ཀྱིས་བསྐོར་བའི་མཚོA3****ཨང་རྟགས་ཅན་གྱི་རླངས་འཁོར་ཆུང་བ་ལ་ཐང་བོད་ལམ་ཆེན་དང་ཧྲང་ཏེན་ལམ་གྱི་ཤར་རྒྱུད་རྨིད300ཡི་མཚམས་སུ་འགྲུལ་སྐྱེལ་རླངས་འཁོར་དཀར་པོ་ཆུང་ངུ་ཞིག་གིས་འདེད་རྡུང་བྱས་པ་དང་། དོན་རྐྱེན་བཟོ་མཁན་རླངས་འཁོར་དེ་ནི་འགྲུལ་སྐྱེལ་རླངས་འཁོར་དཀར་པོ་ཆུང་ཆུང་ཞིག་སྟེ། ད་ལྟ་ཡུལ་དངོས་ལས་བྲོས་བྱོལ་བྱས་སོང་ཟེར། ཞུ་གཏུགས་སྙན་གསེང་འབྱོར་རྗེས་འགྲིམ་འགྲུལ་རུ་ཆེན་གྱི་རུ་གཙོ་ཆེ་བ་མེས་ཁྲུང་ཝང་གིས་དོན་རྐྱེན་ཁའོ་ཡི་མི་དམངས་ཉེན་རྟོག་པ་ཁྲིད་དེ་མགྱོགས་མྱུར་ངང་ཡུལ་དངོས་ལ་སོང་།

ཡུལ་དངོས་ལ་འབྱོར་རྗེས་མི་དམངས་ཉེན་རྟོག་པ་དག་གིས་ཡུལ་དངོས་ཀྱི་གནས་ཚུལ་ལྟ་ཞིབ་རྩད་གཅོད་ནན་མོ་བྱས། དེའི་འཕྲོར་མྱུར་དུ་འགྲིམ་འགྲུལ་དོན་རྐྱེན་ལས་བྲོས་བྱོལ་བྱེད་མཁན་འཛིན་བཟུང་རྩད་གཅོད་བྱེད་པའི་བྱ་བ་མྱུར་དུ་འགོ་རྩོམ་རྒྱུ་ཐག་གིས་བཅད། གྱོད་དོན་འགན་སྒྲུབ་མི་དམངས་ཉེན་རྟོག་པ་ཕྱོགས་གཉིས་སུ་བགོས་པ་དང་‘ ཕྱོགས་གཅིག་གིས་ཉེ་འཁོར་གྱི་བརྙན་མིག་གཟུགས་རིས་ལ་རྩད་གཅོད་དང་ཕྱོགས་གཅིག་གིས་དོན་རྐྱེན་བྱུང་བའི་ས་གནས་དེར་འདྲི་རྟོག་རྩད་གཅོད་བྱེད་འགོ་བརྩམས། དོན་རྐྱེན་བྱུང་བའི་དུས་ཚོད་སྔོན་དུ་དེད་པ་བརྒྱུད་མུ་མཐུད་དུ་དབྱེ་ཞིབ་ནན་མོ་བྱས་ཡོད། མི་དམངས་ཉེན་རྟོག་པས་དུས་ཚོད3ལྷག་གི་རིང་ལ་བརྙན་མིག་དུ་རྩད་གཅོད་བྱས་པ་བརྒྱུད། འགྲོ་འོངས་བྱེད་བཞིན་པའི་རླངས་འཁོར་བརྒྱ་ཕྲག་ལྷག་ལ་རྩད་གཅོད་ནན་མོ་བརྒྱུད’ མཇུག་མཐར་དོན་རྐྱེན་བྲོས་བྱོལ་རླངས་འཁོར་དང་རླངས་འཁོར་ཁ་ལོ་བ་གཏན་ཁེལ་བྱས་པ་རེད། ཉིན་དེའི་དགོང་མོའི་དུས་ཚོད21ཡས་མས་སྟེང་དོན་རྐྱེན་བྲོས་བྱོལ་མཁན་ཁ་ལོ་བ་ཝུན་ག་གེ་མོ་ཟི་ལིང་གྲོང་ཁྱེར་གྱི་མཁར་ཤར་ས་ཁུལ་དུ་འཛིན་བཟུང་བྱས།

ཆེས་ཐོག་མའི་འདྲི་གཅོད་བརྒྱུད། ཝུན་ག་གེ་མོ་ཡིས་ཐེངས་འདིའི་རླངས་འཁོར་དོན་རྐྱེན་ལས་བྲོས་བྱོལ་བྱས་པའི་དོན་དངོས་མཐའ་དག་གཅིག་ཀྱང་མ་ལུས་པར་ངོས་ལེན་བྱས་པ་མ་ཟད། རང་ཉིད་ཀྱིས་ཆང་བཏུང་རྗེས་རླངས་འཁོར་བསྐོར་བ་ཡིན་ཚུལ་ཡང་བཤད། དོན་རྐྱེན་སློང་བའི་རླངས་འཁོར་ཨང་རྟགས་མཚོBC****དེ་ཁྱིམ་མི་དག་གིས་ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་གི་སྟོད་པ་རུ་བཞག་ཡོད་ཟེར། འགྲིམ་འགྲུལ་རུ་ཆེན་གྱི་མི་དམངས་ཉེན་རྟོག་མི་སྣ་དག་གིས་ཝུན་ག་གེ་མོ་མཚོ་ཤར་གྲོང་ཁྱེར་བདེ་ཁམས་ས་ཁུལ་གྱི་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་ཁྲིད་ནས་ཁྲག་བླངས་ནས་རྫས་འགྱུར་ཞིབ་བཤེར་བྱེད་དུ་བཅུག་པ་དང་དེར་མཐུད་ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་སྟོད་པ་གྲོང་རྡལ་དུ་དོན་རྐྱེན་བཟོ་མཁན་རླངས་འཁོར་བཙལ་དུ་སོང་།

ད་ལྟ། དོན་རྐྱེན་བསླངས་བའི་རླངས་འཁོར་དེ་བཙན་ཉར་བྱས་ཤིང་། གྱོད་དོན་ལ་རྩད་གཅོད་རྟོག་ཞིབ་བྱེད་བཞིན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།