2020ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ།(ཁག་གཉིས་པ།)

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་གཙོ་གནད་བྱ་བ་ལེགས་འཛིན་བྱས་ཏེ། དུས་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་འབྱུང་བར་ཁག་ཐེག་ནན་མོ་བྱེད་དགོས་པའི་སྐོར་གྱི་བསམ་འཆར།

(2020ལོའི་ཟླ་དང་པོའི་ཚེས2ཉིན།)

གསུམ་པ། ཞིང་ལས་ཐོན་རྫས་གལ་ཆེན་ནུས་ལྡན་སྒོས་མཁོ་སྤྲོད་ཐུབ་པ་དང་ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་ཇེ་མང་དུ་འགྲོ་བར་འགན་སྲུང་བྱེད་དགོས།

(བཅུ་བཞི།)འབྲུ་རིགས་ཐོན་སྐྱེད་བརྟན་བརླིང་ཡོང་བར་བྱེད་དགོས། འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་ནན་ཏན་བྱེད་པ་ནི་ནམ་ཡང་རྒྱལ་སྐྱོང་སྲིད་གཉེར་གྱི་དོན་ཆེན་ནང་གི་འགངས་ཆེན་ཡིན། འབྲུ་རིགས་ཐོན་སྐྱེད་བྱེད་སྐབས་ནམ་ཡང་བརྟན་བརླིང་གཙོ་བོར་འཛིན་དགོས་པ་སྟེ།སྲིད་ཇུས་བརྟན་བརླིང་དང་། རྒྱ་ཁྱོན་བརྟན་བརླིང་། ཐོན་ཚད་བརྟན་བརླིང་བཅས་ཡོང་དགོས། འབྲུ་རིགས་བདེ་འཇགས་ཐད་ཧྲེང་ཀྲང་གིས་འགན་ཁུར་པའི་ལམ་ལུགས་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས།ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཁག་གི2020ལོར་འབྲུ་རིགས་ཀྱི་འདེབས་ཁྱོན་དང་ཐོན་ཚད་ཕལ་ཆེར་བརྟན་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། ཞིང་ལས་ཀྱི་ཁ་གསབ་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་དགོས། འབྲས་དང་གྲོའི་ཆེས་དམའ་བའི་ཉོ་སྒྲུབ་རིན་གོང་ལེགས་སྒྲིག་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ཞིང་པའི་གཞི་རྩའི་ཡོང་འབབ་བརྟན་བརླིང་ཡོང་བར་བྱེད་དགོས། འབྲས་དང་གྲོ། མ་རྨོས་ལོ་ཏོག་བཅས་ཀྱི་མ་རྩ་ཆ་ཚང་འགན་བཅོལ་དང་ཡོང་འབབ་འགན་བཅོལ་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་དགོས། ཐོན་ཚད་མཐོ་བའི་སྲན་ཆེན་གྱི་རིགས་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་སྤེལ་འདེབས་ཀྱི་ཞིང་ལས་ལག་རྩལ་གསར་པ་ཁྱབ་གདལ་དུ་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྩྭ་སའི་སྟེང་གི་མཚན་མོའི་འབུ་མེ་ལྕེབས་སོགས་ནད་འབུའི་གནོད་འཚེ་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པར་དམ་འཛིན་ཡག་པོ་བྱེད་པ་དང་། གཅིག་གྱུར་འགོག་བཅོས་དང་། ཚབ་རྨོ་ཚབ་འདེབས། ས་ཞིང་ཚབ་གཉེར་སོགས་ཀྱི་ཞབས་ཞུའི་རྣམ་པ་ཁྱབ་གདལ་དུ་གཏོང་དགོས། འབྲུ་རིགས་ཐོན་འབབ་མང་བའི་རྫོང་ལ་བྱ་དགའ་སྤྲོད་ཚད་ཆེ་རུ་བཏང་ནས་ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པའི་སྤྱོད་ས་དམིགས་བསལ་གྱིས་བཀོད་སྒྲིག་བྱེད་དགོས། འབྲུ་རིགས་ཐོན་འབབ་མང་བའི་རྫོང་གིས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པ་དང་གསར་སྣོན་རྨོ་ཞིང་གི་དམིགས་ཚད་ཞིང་ཆེན་ལས་བརྒལ་ཏེ་སྙོམ་སྒྲིག་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ།སྙོམ་སྒྲིག་ཡོང་འབབ་དག་གཏན་འཁེལ་ལྟར་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པར་སྤྱོད་དགོས། འབྲུ་རིགས་སྤུས་ལེགས་བཟོ་འགོད་ལག་བསྟར་གཏིང་ཟབ་བྱེད་དགོས།བྱང་ཕྱོགས་ཀྱི་རོང་འབྲོག་སྣོལ་འདྲེས་ས་རྒྱུད་གཙོ་གནད་དུ་བཟུང་ནས་འབྲུ་རིགས་གཟན་ཆས་སུ་བསྒྱུར་བའི་གཞི་ཁྱོན་ཆེ་རུ་བཏང་སྟེ།འདེབས་གསོ་ཟུང་འབྲེལ་བྱེད་སྟངས་ཁྱབ་སྤེལ་གཏོང་དགོས། ཞིན་ཅང་གི་སྲིང་བལ་གྱི་དམིགས་ཚད་རིན་གོང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། སྣ་མང་ཅན་གྱི་ནང་འདྲེན་ཐབས་ལམ་རྒྱ་བསྐྱེད་པ་དང་། རྒྱལ་ནང་གི་དགོས་མཁོ་དང་འཚམ་པའི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་གྲངས་མང་དུ་གཏོང་དགོས། དགེ་མཚན་ལྡན་པའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ་དང་།ཞིང་ལས་ཐོན་རྫས་ལྐོག་འདྲེན་ལ་ངོ་རྒོལ་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེད་དོན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས།

(བཅོ་ལྔ།)ཕག་ཐོན་སྐྱེད་བྱེད་ཚད་གང་མགྱོགས་ཀྱིས་སླར་གསོ་བྱེད་དགོས། ཕག་གི་ཐོན་འབབ་བརྟན་པོ་ཡོང་བ་དང་མཁོ་སྤྲོད་ལ་འགན་ལེན་བྱ་རྒྱུ་ནི་མིག་སྔའི་དཔལ་འབྱོར་ལས་དོན་གྱི་དོན་ཆེན་ཞིག་ཡིན་པས།ཕྱོགས་བསྡུས་རང་བཞིན་གྱི་བྱེད་ཐབས་སྤྱད་དེ2020ལོའི་ལོ་མཇུག་བར་ཕག་གི་ཐོན་ནུས་གཞི་རྩའི་སྟེང་ལོ་འཁོར་མོའི་རྒྱུན་ལྡན་ཆུ་ཚད་དུ་བསླེབ་ཐུབ་པར་འགན་ལེན་བྱེད་དགོས། “ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ”དོན་འཁྱོལ་དང་། “ཚོད་སླེ”ལ་ཧྲི་ཀྲང་གིས་འགན་འཁུར་བའི་ལམ་ལུགས་ནན་འཛིན།རྫོང་རིམ་པས་དངོས་འབེབས་དམ་འཛིན་བྱེད་པའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ།ཕག་ཤ་མཁོ་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས། ཕག་གསོ་ར་བ་ཁ་སྣོན་བྱས་ཏེ་ཕག་ཕྲུག་གསོ་ཚད་ཇེ་མང་དུ་གཏོང་བ་དང་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པ་གཉིས་ཟུང་འབྲེལ་སྒོས་རྒྱུན་འཁྱོངས་བྱས་ཏེ།ཚད་ལྡན་ཅན་གྱི་ཕག་གསོ་གཞི་ཁྱོན་ཇེ་ཆེར་གཏོང་བར་སྐུལ་འདེད་གཏོང་དགོས། ཕག་ཐ་ཐོར་དུ་གསོ་བའི་དུད་ཚང་ཆུང་འབྲིང་གི་རིམས་འགོག་ཞབས་ཞུར་ཤུགས་བསྣན་ནས།གཟན་ཆས་ཐོན་སྐྱེད་ལ་འགན་སྲུང་བྱེད་པའི་བྱ་བ་ལེགས་སྒྲུབ་བྱེད་དགོས། ཕག་ཐོན་སྐྱེད་བྱེད་པའི་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་སོ་སོ་ནན་ཏན་སྒོས་དངོས་འབེབས་བྱས་ཏེ།ཁོར་ཡུག་དཔྱད་དཔག་དང་བཀོལ་སྤྱོད་ས་ཞིང་། ཡིད་རྟོན་དངུལ་བུན་སོགས་ཀྱི་བཀག་རྒྱ་མེད་པར་བཟོ་དགོས། ཕག་གསོ་བར་ཚོད་འཛིན་དང་ཕག་གསོ་རུ་མི་འཇུག་པའི་ས་ཁུལ་གང་འདོད་ཀྱིས་རྒྱ་བསྐྱེད་དེ།“ཕག་མེད་གྲོང་ཁྱེར”དང“ཕག་མེད་རྫོང”སྐྲུན་པའི་གནད་དོན་ཡོ་བསྲང་བྱེད་དགོས།ཧྥེ་གླིང་གི་ཕག་ནད་གནས་ཚུལ་གྱི་སྙན་ཞུའི་ལམ་ལུགས་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། སྲོག་ཆགས་ཀྱི་རིམས་འགོག་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་འགོག་མི་སྣ་དང་འགྲོ་གྲོན་འགན་སྲུང་དངོས་འབེབས་བྱེད་པ། ཕག་གསོ་རྫོང་ཆེ་གྲས་ཀྱི་ཞང་གྲོང་ལ་སྲོག་ཆགས་ཀྱི་རིམས་འགོག་ཆེད་དམིགས་གདན་ཞུའི་འཆར་གཞི་ལག་བསྟར་བྱེད་དགོས། ཕག་བཤའ་ས་དང་ལས་སྣོན་བྱེད་ས་དེ་གསོ་སྤེལ་གཅིག་སྡུད་ཁུལ་དུ་གནས་སྤོ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ས་ཐག་རིང་པོར་ཕག་སྐྱེལ་འདྲེན་བྱེད་པ་རིམ་གྱིས་ཇེ་ཉུང་དུ་བཏང་ནས“ཕག་སྐྱེལ་བ”ནས“ཤ་སྐྱེལ་བ”ཡི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཚོང་རའི་ལྟ་ཞིབ་ཚད་ལེན་དང་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕག་ཤའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་བྱ་བ་ལེགས་པོར་སྒྲུབ་པ། ཚོང་རར་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ། སྤྱི་ཚོགས་སྐྱོབ་རོགས་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་བ་དང་སྦྲེལ་བའི་མཉམ་འགུལ་ནང་རྐྱེན་དུས་ཐོག་ཏུ་སྤྱོད་པ་བཅས་བྱེད་དགོས། འོ་མའི་ལས་རིགས་དང་། བྱ་རིགས། ནོར་ལུག་སོགས་ཀྱི་ཐོན་སྐྱེད་ལ་རྒྱབ་སྐྱོར་དང་། ཤ་རིགས་འཛད་སྤྱོད་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བར་ཁྲིད་སྟོན་བྱེད་དགོས།ཆུ་ཐོན་དངོས་རྫས་ལྗང་མདོག་སྐྱོན་བྲལ་ངང་གསོ་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་།ཉ་ལས་གྲུ་ཁ་འཛུགས་སྐྲུན་དང་དོ་དམ་བསྒྱུར་བཅོས་བྱེད་པར་ཤུགས་སྣོན་དགོས།

(བཅུ་དྲུག)དེང་རབས་ཞིང་ལས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། དེང་རབས་ཞིང་ལས་དངུལ་གཏོང་གི་རྣམ་གྲངས་གལ་ཆེན་སྐོར་ཞིག་སྔ་མོ་ནས་འཆར་འགོད་དང་ལག་བསྟར་བྱས་ཏེ། ལས་གཞི་སྔ་མོ་ནས་དངོས་འབེབས་བྱེད་པར་རྒྱབ་སྐྱོར་དང་ཞིང་ལས་ཐད་མ་དངུལ་གཏོང་ཚད་ཆེ་རུ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་སྲུང་སྐྱོབ་ཁུལ་གཙོ་རུ་བཟུང་སྟེ་ཚད་མཐོའི་ཞིང་ས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། འཛུགས་སྐྲུན་གྱི་འཆར་འགོད་བཟོ་བ་དང་། ལུགས་མཐུན་ངང་མ་དངུལ་འཇོག་པའི་ཚད་གཞི་གཏན་འཁེལ་བྱེད་པ། བཟོ་འགོད་འཛུགས་སྐྲུན་དང་། ཞིབ་བཤེར་རྩིས་ལེན། ལྟ་སྐུལ་ཞིབ་བཤེར་བཅས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།འཛུགས་སྐྲུན་རེ་རེ་ལེགས་འགྲུབ་འབྱུང་བར་ཁག་ཐེག་ནན་ཏན་བྱེད་དགོས།ཞིང་ཆུ་གཏོང་ཁུལ་ཆེ་འབྲིང་གི་མཐུད་སྐྲུན་ཆ་སྡེབ་དང་ཆུ་གྲོན་ཆུང་གི་བསྒྱུར་བཀོད་བྱེད་ཚད་དུས་ལྟར་ལེགས་འགྲུབ་བྱེད་པ་དང་། ཞོད་ཟོན་ཐན་འགོག་གི་ནུས་པ་ཆེ་རུ་གཏོང་བ། ཞིང་ལས་ཀྱི་ཆུ་གྲོན་ཆུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཆུ་བེད་བཟོ་འགོད་གལ་ཆེན་དང་ཆ་སྡེབ་སྒྲིག་བཀོད་ཁག་ཅིག་འཛུགས་སྐྲུན་བྱེད་མགོ་རྩོམ་པར་དམ་འཛིན་བྱས་ཏེ། ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་བཟོ་འགོད་ཀྱི་དུས་མགོའི་བྱ་བ་གང་མགྱོགས་ཀྱིས་སྤེལ་དགོས། བཟོ་འགོད་འཛུགས་སྐྲུན་བྱེད་པར་དུས་ཐོག་ཏུ་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་རྫས་མཛོད་འཇུག་སོས་ཉར་འཁྱགས་སྦྲེལ་སྐྱེལ་འདྲེན་སྒྲིག་བཀོད་འཛུགས་སྐྲུན་གྱི་བཟོ་འགོད་མགོ་རྩོམ་དགོས། ཞིང་ལས་ཐོན་རྫས་འཁྱགས་སྦྲེལ་ཟོག་སྐྱེལ་བྱེད་པར་གཅིག་གྱུར་འཆར་འགོད་དང་། རིམ་བགོས་བཀོད་སྒྲིག་ཚད་གཞི་གཏན་འབེབས་བྱེད་པར་ཤུགས་སྣོན་དགོས། ཀྲུང་དབྱང་གི་སྔོན་རྩིས་ནང་དུ་དངུལ་གཏོང་བཀོད་སྒྲིག་བྱས་ཏེ། རྐང་འཛིན་འཁྱགས་སྦྲེལ་ཟོག་འགྲེམ་རྟེན་གཞི་ཁག་ཅིག་བསྐྲུན་པར་རྒྱབ་སྐྱོར་བྱེད་དགོས། ཁྱིམ་ཚང་གི་ཞིང་ར་དང་། ཞིང་པའི་མཉམ་ལས་ཁང་། མཁོ་འཚོང་མཉམ་ལས་ཁང་། སྦྲག་སྲིད་མྱུར་སྐྱེལ་ཁེ་ལས། ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་བཅས་ཀྱིས་ཐོན་ཡུལ་དབྱེ་འབྱེད་ཐུམ་སྒྲིལ་དང་། གྲང་ཉར་སོས་ཉར། བཀར་འཇུག་སྐྱེལ་འདྲེན། ཐོག་མའི་ལས་སྣོན་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། དེས་ཞིང་སྡེ་རུ་སྐྲུན་པའི་སོས་ཉར་མཛོད་ཉར་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱད་པའི་གློག་རིན་ནི་ཞིང་ལས་ཐོན་སྐྱེད་གློག་རིན་ལྟར་བསྡུ་དགོས། ད་ཡོད་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཞིང་ལས་དང་ཞིང་སྡེའི་གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། ཟོག་སྦྲེལ་དྲ་བ་དང་། གཞི་གྲངས་ཆེན་མོ། ཁུལ་དུམ་འབྲེལ་མཐུད། མིས་བཟོས་རིག་ནུས། སྤོ་སྒུལ་འཕྲིན་གཏོང་དྲ་རྒྱ་རབས་ལྔ་པ། རིག་ལྡན་གནམ་གཤིས་སོགས་ཀྱི་དེང་རབས་ཆ་འཕྲིན་ལག་རྩལ་དག་ཞིང་ལས་ཁྱབ་ཁོངས་སུ་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་ཨང་གྲངས་ཞིང་སྡེའི་ཚོད་ལྟའི་ཁུལ་འཛུགས་དགོས།

(བཅུ་བདུན།)དམངས་ཕྱུག་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་དགོས། ས་གནས་སོ་སོས་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་རྐང་བཙུགས་ནས་སོ་སོའི་ཁྱད་ཆོས་འཛོམས་པའི་ཞིང་ལས་ཡོངས་རྫོགས་ཐོན་ལས་མུ་སྦྲེལ་ཅན་དུ་བསྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། ཞིང་པས་ཐོན་ལས་མུ་སྦྲེལ་ཅན་གྱི་རིན་འཕར་ཁེ་ཕན་ལོངས་སྤྱོད་པའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། འགྲན་རྩོད་ནུས་པ་ཡོད་པའི་ཐོན་ལས་ཁྱུ་ཚོགས་འགྲུབ་པར་བྱེད་པ་དང་། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། མགྱོགས་མྱུར་ངང་རྒྱལ་ཁབ་དང་།ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་པ་དང་། ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་གླིང་འཛུགས་པར་རྒྱབ་སྐྱོར་བྱེད་པ། ཞིང་སྡེའི“གསར་གཏོད་གཉིས”ཀྱི་རྟེན་གཞི་ལེགས་པར་སྒྲུབ་པ་བཅས་བྱེད་དགོས། ཁྱིམ་ཚང་ཞིང་ར་དང་། ཞིང་པའི་མཉམ་ལས་ཁང་སོགས་གསར་དར་ཞིང་ལས་བདག་གཉེར་གཙོ་གཞི་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱེད་པ་དང་། ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་ལྷན་གཞི་འཛུགས་སྐྱོང་བྱེད་པ། མངགས་ཉོའི་ཞིང་ལས་དང་། མ་རྐང་དུ་ཞུགས་ནས་ཁེ་སྤོགས་བགོ་བ། བཅོལ་བདག་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞིང་ཁྱིམ་ཆུང་བ་ཞིང་ལས་ཐོན་ལས་མུ་སྦྲེལ་ཅན་དུ་འདྲེས་སུ་འཇུག་དགོས། མུ་མཐུད་དུ་ཞིང་ལས་ཀྱི་གྲུབ་ཚུལ་སྙོམ་སྒྲིག་ལེགས་བསྒྱུར་བྱེད་དགོས་ལ། ལྗང་མདོག་ཟས་རིགས་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་རྟགས་མཚན་ཡོད་པའི་ཞིང་ལས་ཐོན་རྫས་ཀྱི་བདེན་དཔང་དང་དོ་དམ་ལ་ཤུགས་བསྣན་ནས། ས་གནས་ཀྱི་མིང་གྲགས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་གྲགས་ཅན་བསྐྲུན་པ། སྤུས་ལེགས་ལྗང་མདོག་ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་ཇེ་མང་དུ་གཏོང་དགོས།ཞིང་སྡེའི་ཚོང་རའི་སྒོ་འབྱེད་ནུས་ལྡན་བྱེད་པ་དང་། གློག་རྡུལ་ཚོང་ལས་ཞིང་སྡེར་བསྐྱོད་པའི་ཁེབས་རྒྱ་བསྐྱེད་པ། མཁོ་ཚོང་མཉམ་ལས་ཁང་དང་།སྦྲག་སྲིད་མྱུར་སྐྱེལ་དང་ཁེ་ལས་སོགས་ཞིང་སྡེའི་དངོས་དབོར་ཞབས་ཞུ་དྲ་རྒྱའི་ཐོག་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་པ། སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་བསྐྱོད་པ་དང་། བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་བསྐྱོད་པའི་ཕྱོགས་གཉིས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་དང་ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་གོ་རིམ་ཧྲིལ་པོར་ཤུགས་བསྣན་ནས། ཁུངས་འདེད་མ་ལག་འཐུས་ཚང་བསྐྲུན་པ་དང་། མི་དམངས་མང་ཚོགས་ཀྱི“ལྕེ་རྩེའི་བདེ་འཇགས”ལ་ཁག་ཐེག་ནན་མོ་བྱེད་དགོས།བཟོ་ཚོང་མ་རྩ་གྲོང་གསེབ་ཏུ་བསྐྱོད་པར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་དགོས་ལ། ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་དངོས་གནས་སྲུང་སྐྱོབ་བྱེད་དགོས། ཞིང་ལས་དང་འབྲེལ་ཡོད་ཐོན་ལས་ཀྱི་སྡོམ་རྩིས་རིགས་དབྱེ་གཏན་འཁེལ་བྱེད་དགོས་པར་མ་ཟད་སྡོམ་རྩིས་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། ཞིང་ལས་ཐོན་སྐྱེད་དང་། ལས་སྣོན། དངོས་དབོར་ཚོང་གཉེར། ཞབས་ཞུ་སོགས་ཐོན་ལས་མུ་སྦྲེལ་ཡོངས་ཀྱི་རིན་ཐང་ཁྱོན་ཡོངས་ནས་ལེགས་པར་མཚོན་དགོས།

(བཅོ་བརྒྱད།) ཞིང་པ་ཞོར་ལས་པའི་ལས་ཞུགས་བརྟན་འཇགས་སུ་གཏོང་དགོས། ཁེ་ལས་དང་འབྲེལ་བའི་ཁྲལ་གཅོག་རིན་ཕབ་སོགས་རྒྱབ་སྐྱོར་སྲིད་ཇུས་དངོས་འབེབས་དོན་འཁྱོལ་བྱེད་དགོས་ལ། ཁེ་སྐྱོར་ལས་བརྟན་བྱ་བའི་སྒྲུབ་ཤུགས་ཇེ་དྲག་ཏུ་གཏོང་བ། ལས་ཤོར་འགན་སྲུང་དང་ལས་བརྟན་ཕྱིར་སློག་རེ་ཞུའི་ཆ་རྐྱེན་ལྷོད་ཡངས་སུ་གཏོང་བ། ཞིང་པ་ཞོར་ལས་པའི་རྩལ་ནུས་མཐོར་འདེགས་ཀྱི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་དགོས། ཞིང་པ་ཞོར་ལས་པས་ལས་ཀ་ཤོར་རྗེས། རྒྱུན་སྡོད་ས་གནས་སུ་ལས་ཤོར་ཐོ་འགོད་བྱེད་ཆོག་པ་དང་། འདྲ་མཉམ་ཅན་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུ་ལོངས་སུ་སྤྱད་ཆོག ཞིང་པ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་སྲོལ་ཡིག་འདོན་པ་དང་དོན་འཁྱོལ་བྱེད་དགོས། སྲིད་གཞུང་གི་དངུལ་གཏོང་ལས་གཞི་དང་བཟོ་འགོད་འཛུགས་སྐྲུན་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས། ཞིང་པ་ཞོར་ལས་པའི་ཟླ་ཕོགས་སྤྲད་པའི་གནས་ཚུལ་ལ་ཞིབ་བཤེར་དག་ཐེར་གྱི་བྱ་འགུལ་སྤེལ་བ་དང་། ཞིང་པ་ཞོར་ལས་པའི་ཟླ་ཕོགས་འགོར་འགྱངས་བྱས་པའི“མིང་ཐོ་ནག་པོ”ཡི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། ཟླ་ཕོགས་ཆད་པ་རྩ་བ་ནས་བཅོས་པའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་དོན་འཁྱོལ་བྱེད་དགོས། ཁྱིམ་སྲིད་ཞབས་ཞུ་དང་། རྒན་གསོ་བདག་སྐྱོང་། སྨན་ཁང་ལྟ་སྐྱོང་། བཟའ་བཏུང་གཡོས་སྦྱོར། གློག་རྡུལ་ཚོང་ལས་སོགས་ཀྱི་རྩལ་ནུས་གསོ་སྦྱོང་ལག་བསྟར་བྱས་ཏེ།ས་ཁོངས་རང་བཞིན་གྱི་ངལ་རྩོལ་ཟོང་རྟགས་བསྐྲུན་དགོས། ས་གནས་ནས་གྲོང་གསེབ་ཀྱི་གད་དར་པ་དང་། ཆུའི་དོ་དམ་པ། ལམ་སྲུང་སྐྱོང་པ། སྐྱེ་ཁམས་ནགས་སྲུང་པ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་འཛུགས་པར་སྐུལ་ལྕག་གཏོང་དགོས། ལས་རྣམ་གསར་པའི་ལས་གཉེར་མི་སྣའི་ལས་རིགས་གནོད་འཚེའི་འགན་སྲུང་ཚོད་ལྟ་བྱེད་ཡུལ་བསྒྲུབ་དགོས། ཞིང་སྡེའི་གསར་གཏོད་ལས་སྐྲུན་གྱི་སྣེ་ཁྲིད་མི་སྣ་སྐྱེད་སྲིང་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་དགོས་ཤིང་། ཆ་རྐྱེན་དང་མཐུན་པའི་ཡུལ་ལོག་ལས་སྐྲུན་ཞིང་པ་ཞོར་ལས་པ་རྣམས་ཐེངས་གཅིག་རང་བཞིན་གྱི་ལས་སྐྲུན་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་སུ་འཇོག་དགོས།

བཞི་པ། ཞིང་སྡེའི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་དགོས།

(བཅུ་དགུ།) ཏང་རྩ་འཛུགས་ཀྱི་མགོ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ནི་ཏང་གིས་ཞིང་སྡེའི་བྱ་བ་ཡོངས་རྫོགས་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན། 《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག》ནན་ཏན་གྱིས་དངོས་འབེབས་བྱེད་དགོས་པ་དང་། མང་ཚོགས་རྩ་འཛུགས་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། ཐུན་མོང་དཔལ་འབྱོར་གྱི་དངོས་ཤུགས་ཇེ་དྲག་ཏུ་གཏོང་བ། མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་བསྒྱུར་བྱེད་དགོས། མང་ཚོགས་ལ་སྐུལ་སློང་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་ལ་ཞུགས་པ། བདག་པོའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཞིང་སྡེའི་འཆམ་མཐུན་བརྟན་འཇགས་སྲུང་སྐྱོང་བྱེད་པ། མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་སྲོལ་རྙིང་སྲོལ་ངན་མེད་པར་གཏོང་བ། སྤྱི་པའི་སྒྲིག་རིམ་གྱི་སྲོལ་བཟང་དར་སྤེལ་གཏོང་བ། དཔལ་ཡོན་ཡུལ་སྲོལ་སྐྱེད་སྲིང་བྱེད་པ། མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱེད་པ། མང་ཚོགས་ལ་ཞབས་ཞུ་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བ། མང་ཚོགས་ལ་ཏང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་དུ་འཇུག་པ། ཏང་གི་ཞིང་སྡེ་ཡི་སྲིད་འཛིན་རྨང་གཞི་བརྟན་པོར་གཏོང་དགོས། ཁྱོན་ཡོངས་ནས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་རྫོང་རིམ་པའི་ཏང་ཨུས་ཐོ་འགོད་དོ་དམ་བྱེད་པའི་ལམ་ལུགས་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མིར་རྫོང་རིམ་པའི་མཉམ་བཤེར་རྒྱུན་རྣམ་ཅན་གྱི་ནང་རྐྱེན་འཛུགས་པ་དང་། མུ་མཐུད་དུ་གཉོམ་ཞན་ཁ་འཐོར་གྱི་སྡེ་བའི་ཏང་རྩ་འཛུགས་དག་ཐེར་བྱས་ཏེ། ཏང་རྩ་འཛུགས་ཀྱི་ཞིང་སྡེའི་རྩ་འཛུགས་སྣ་ཚོགས་ཁྲོད་ཀྱི་མགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལ་ལྟ་སྐུལ་དོ་དམ་གཟབ་ནན་དུ་གཏོང་བ། ཏང་ཨུའི་རྩ་འཛུགས་སྡེ་ཁག་གི་སྣེ་ཁྲིད་མཐུན་སྦྱོར་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དམངས་སྲིད་དང་། ཞིང་ལས་ཞིང་སྡེ་སོགས་སྡེ་ཁག་དག་མཉམ་དུ་ཞུགས་ཏེ། མཛུབ་སྟོན་བྱེད་པའི་སྡེ་དོན་ལྟ་སྐུལ་ནང་རྐྱེན་ལ་ཤུགས་སྣོན་པ། “གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་ལ། ཞིང་སྡེའི་གཞི་རིམ་སྐོར་ཞིབ་ཀྱི་བྱ་བ་སྒྲུབ་པར་ཤུགས་སྣོན་དགོས། གཞི་རིམ་སྒྲིག་བཤེར་ལྟ་ཞིབ་རྩ་འཛུགས་དང་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་དང་། ནུས་ལྡན་སྦྲེལ་མཐུད་བྱེད་པ། ལྟ་སྐུལ་མཉམ་ཤུགས་ཆགས་པར་བྱེད་དགོས། ལོ་གཞོན་ཞིང་པའི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་བར་ཤུགས་སྣོན་དགོས། མུ་མཐུད་དུ་དབུལ་ཕོངས་སྡེ་བ་དང་། གཉོམ་ཞན་ཁ་ཐོར་གྱི་སྡེ་བ། ཐུན་མོང་དཔལ་འབྱོར་ཞན་པའི་སྡེ་བ་བཅས་ལ་ཧྲུའུ་ཅི་དང་པོ་མངགས་སྡོད་བྱེད་དགོས། སྡེ་བ་རིམ་པའི་རྩ་འཛུགས་འཁོར་རྒྱུག་གི་གྲོན་དངུལ་འགན་སྲུང་ལ་ཤུགས་སྣོན་དགོས། སྡེ་བའི་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་ལ་སྐུལ་ལྕག་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞང་གྲོང་གི་མགོ་ཁྲིད་ཚན་ཁག་དང་སྒོས་སུ་ཞང་གྲོང་གི་ཏང་ཨུའི་ཧྲུའུ་ཅི་ལེགས་འདེམ་བཀོད་སྒྲིག་བྱེད་དགོས། གྲོང་གསེབ་ཏུ“ཏང་གི་གསུང་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ”ཡི་སྒྲོག་འགྲེལ་བྱ་འགུལ་སྤེལ་དགོས།

(ཉི་ཤུ།) གྲོང་གསེབ་བཅོས་སྐྱོང་གི་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་དགོས།རྫོང་ཞང་སྡེ་གསུམ་མཉམ་འགུལ་རྒྱུན་འཁྱོངས་བྱས་ཏེ།སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུའི་གཙོ་ཤུགས་གཞི་རིམ་དུ་སྤོ་བར་སྐུལ་འདེད་གཏོང་དགོས། སྔར་ལས་མང་བའི་ཐོན་ཁུངས་ཞང་གྲོང་དང་སྡེ་བར་ཕྱོགས་ནས། གྲོང་གསེབ་བཅོས་སྐྱོང་ཕན་ནུས་ཇེ་མཐོར་གཏོང་དགོས། རྫོང་རིམ་པ་ནི“འཐབ་ཕྱོགས་དང་པོའི་ཐོག་གི་བཀོད་འདོམས་པུའུ”ཡིན་ལ། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་དང་། མགོ་ཁྲིད་འགན་འཁྲི་དོན་འཁྱོལ་བྱེད་པ། གཞི་རིམ་ཤུགས་ཆེར་འཛིན་པའི་བྱ་བའི་ཁྲིད་ཕྱོགས་ཇེ་དྲག་ཏུ་གཏོང་བ་དང་།མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་རྫོང་ཐད་གཏོགས་སྡེ་ཁག་གི་འགན་ཁུར་པ་གཙོ་བོས་སྡེ་བ་འགན་ལེན་གྱི་ལམ་ལུགས་འཛུགས་དགོས། ཞང་གྲོང་ནི་ཞིང་པར་ཞབས་ཞུ་སྒྲུབ་སའི་ལྟེ་གནས་ཡིན་ལ། དོ་དམ་ཞབས་ཞུར་ཤུགས་སྣོན་དང་། ཞིབ་བཤེར་ཆོག་མཆན་དང་། ཞབས་ཞུ། ཁྲིམས་བསྟར་སོགས་ཀྱི་ཕྱོགས་ནས་སྟོབས་ཤུགས་མཉམ་རུབ་བྱེད་པ། གཅིག་གྱུར་དོ་དམ་གྱི་ཞབས་ཞུའི་སྟེགས་བུ་འཐུས་ཚང་བསྐྲུན་པ། ས་ཚིགས་གཅིག་ནས་ལས་སྒྲུབ་བྱེད་པ་མངོན་འགྱུར་བྱེད་དགོས། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་། གཞིས་ས་དོ་དམ། ཐུན་མོང་མ་རྩའི་དོ་དམ། དམངས་འཚོ་འགན་སྲུང་། སྤྱི་ཚོགས་ཞབས་ཞུ་སོགས་བྱ་བའི་སྟོབས་ཤུགས་འཛོམས་པོར་གཏོང་དགོས། སྲིད་འཛིན་སྡེ་བ་ནི་གཞི་རྩའི་བཅོས་སྐྱོང་སྡེ་ཚན་ཡིན་ཞིང་། རང་ཉིད་ལ་དོ་དམ་དང་། རང་ཉིད་ལ་ཞབས་ཞུ། རང་ཉིད་ལ་སློབ་གསོ། རང་ཉིད་ལ་ལྟ་སྐུལ་བྱེད་པ་བཅས་ལ་ཤུགས་བསྣན་ཏེ། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། སྡེ་སྲོལ་དམངས་ཆིངས་ཁ་ཚང་དུ་གཏོང་བ་དང་། སྡེ་དམངས་རང་སྐྱོང་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་དགོས། ཏན་ཏན་ཏིག་ཏིག་སྒོས་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟ་བྱེད་གནས་དཔེ་སྟོན་གྱི་བྱ་འགུལ་སྤེལ་ཏེ། གྲོང་གསེབ་བཅོས་སྐྱོང་གི་གསར་གཏོད་རང་བཞིན་གྱི་དཔེ་མཚོན་དཔེ་གཞིའི་ཉམས་མྱོང་ཁྱབ་སྤེལ་གཏོང་དགོས། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ།ཁྱིམ་སྲོལ་བཅས་ཀྱིས་གྲོང་གསེབ་བཅོས་སྐྱོང་གི་ཁྲོད་བྱེད་ནུས་གལ་ཆེན་འདོན་པར་གཙིགས་འཛིན་བྱེད་དགོས།

(ཉེར་གཅིག )གྲོང་གསེབ་ཀྱི་འགལ་བ་དང་རྩོད་གླེང་འདུམ་འགྲིག་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་འདུམ་སྒྲིག་བྱ་བར་ཤུགས་སྣོན་དགོས་ལ། དོན་ཆུང་སྡེ་བ་ནས་ཐག་གཅོད་པ། དོན་ཆེན་ཞང་ནས་ཐག་གཅོད་པ། འགལ་བ་གོང་ལ་སྤྲོད་མི་དགོས་པ་ཞིག་བསྒྲུབ་ཐུབ་དགོས། ཞིང་པ་མང་ཚོགས་ཀྱི་རེ་འདུན་བཤད་སའི་རྒྱུ་ལམ་ཤར་གཏོང་བྱེད་དགོས་ལ། དུས་ཐོག་ཏུ་ཞིང་པ་མང་ཚོགས་ཀྱི་ལུགས་མཐུན་རེ་འདུན་ཐག་གཅོད་ཡག་པོ་བྱེད་དགོས། མུ་མཐུད་དུ་ཞིང་པའི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་ལ་དག་ཐེར་ལེགས་བཅོས་བྱེད་དགོས་ཤིང་། ས་ཞིང་འགན་གཙང་ལེན་དང་། ཞིང་ས་སྡུད་ལེན་བཤིག་སྤོ། ཞིང་པ་ཞོར་ལས་པའི་གླ་ཕོགས། ཁོར་ཡུག་སྦགས་བཙོག་སོགས་ཀྱི་ཕྱོགས་སུ་གནས་པའི་འགལ་བ་འོས་འཚམ་སྒོས་ཞི་ལྷོད་དུ་གཏོང་དགོས། མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་གྲོང་ཁྱེར་དང་རྫོང་གི་མགོ་ཁྲིད་ལས་བྱེད་པ་དུས་ལྟར་གཞི་རིམ་དུ་སོང་ནས་ངོ་གཏུག་དང་ལེན་གྱི་ལམ་ལུགས་སྐུལ་སྤེལ་བྱེད་དགོས་ལ། འཕྲིན་བསྐུར་ངོ་གཏུག་གི་སྤུངས་གསོག་གྱོད་དོན་ཧུར་ཐག་སྒོས་འདུམ་པར་བྱེད་དགོས། “སྡེ་བ་རེ་ལ་བཅའ་ཁྲིམས་བློ་འདོན་པ་རེ”ཡི་རྣམ་པ་མང་བའི་བཅའ་ཁྲིམས་ཞབས་ཞུ་རྩ་འཛུགས་ཡོད་པའི་སྒོ་ནས་སྤེལ་དགོས།ཞིང་པའི་རྩ་བའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་བརྟན་བརླིང་གི་ཉེན་ཁ་འབྱུང་སླ་བའི་གཙོ་གནད་ཇུས་ཆོད་དོན་ཚན་ལ་སྔོན་ནས་ཉེན་ཁའི་དཔྱད་དཔག་བྱེད་དགོས།

(ཉེར་གཉིས།)བདེ་འཇགས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བྱེད་དགོས། ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་དགོས། ཁྲིམས་འགལ་སྒོས་ཞིང་སྡེའི་ཐུན་མོང་རྒྱུ་ནོར་དང་། དབུལ་སྐྱོར་ཞིང་ཕན་མ་རྩ་བཙན་བཟུང་དང་། ཞིང་སྡེའི་བུད་མེད་དང་བྱིས་པའི་མི་ལུས་ཁེ་དབང་སོགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས་ལ།རུལ་རྒོལ་འཐབ་རྩོད་དང་གཞི་རིམ་གྱི“སྦྲང་རྡུང”ལ་སྐུལ་འདེད་དང་། “སྡེ་བའི་བཙན་བདག”ལ་སྔོན་འགོག་དང་དག་ཐེར་བྱེད་པའི་ཡུན་ཕན་ནང་རྐྱེན་འཛུགས་དགོས། ཞིང་སྡེའི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་། ཁྲིམས་མཐུན་མིན་པའི་ཆོས་ལུགས་བྱ་འགུལ་བཀག་འགོག་དང་། ལོག་ཆོས་ཞིང་སྡེར་སིམ་འཛུལ་བྱེད་པར་འགོག་ཟོན་བྱས་ཏེ། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ཁྱབ་གདལ་དུ་འགྲོ་བ་བཀག་འགོག་བྱེད་དགོས། ཞིང་སྡེའི་སྤྱི་ཚོགས་བདེ་འཇགས་བྱ་བར་ཤུགས་སྣོན་དང་། དྲ་མིག་ཅན་གྱི་དོ་དམ་དང་ཞབས་ཞུ་ཁྱབ་སྤེལ་བྱེད་དགོས། ཞིང་སྡེའི་ཟས་རིགས་རྫུན་མ་བཅོས་སྐྱོང་གི་བྱ་འགུལ་སྤེལ་དགོས། ཞིང་ལས་རྒྱུ་ཆ་རྫུན་མ་སྐྲུན་བཟོའི་ཁྲིམས་འགལ་ལུགས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་དགོས། ཞིང་སྡེའི་གནོད་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་སྡེའི་རིགས་འདྲ་མིན་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་དགོས།

ལྔ་པ། ཞིང་སྡེའི་ཞན་ཆ་ཁ་གསབ་ཀྱི་འགན་སྲུང་བྱེད་ཐབས་ལ་ཤུགས་སྣོན་དགོས།

(ཉེར་གསུམ།)“ཞིང་གསུམ”ལ་མ་དངུལ་གཏོང་བར་དམིགས་བསལ་དུ་སྔོན་ལ་འགན་སྲུང་བྱེད་དགོས། ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱིས“ཞིང་གསུམ”ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་གཏོང་བ་མུ་མཐུད་དུ་ཞིང་ལས་དང་ཞིང་སྡེའི་ཕྱོགས་སུ་གཞོལ་ཏེ། ནོར་སྲིད་ཀྱིས་མ་དངུལ་གཏོང་བ་དང་ཁྱོན་ཡོངས་འབྱོར་འབྲིང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པོའི་ཞན་ཆ་ཁ་གསབ་བྱེད་པ་ཕན་ཚུན་འཕྲོད་མཐུན་ཡོང་བར་ཁག་ཐེག་ནན་མོ་བྱེད་དགོས། ས་གནས་སྲིད་གཞུང་གིས་སྤྱིར་བཏང་གི་བུན་འཛིན་འགྲོ་སྒོའི་ཁྲོད་ནས་ཁྱབ་ཁོངས་ངེས་ཅན་ཞིག་བཀོད་སྒྲིག་བྱས་ཏེ།ཆ་རྐྱེན་ལ་ལོངས་པའི་དབུལ་སྐྱོར་གནས་སྤོར་དང་གྲོང་གསེབ་དར་སྤེལ་གྱི་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། ས་གནས་སོ་སོས་གོ་རིམ་ལྡན་པའི་ངང་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་སུ་བཀོལ་བའི་ཆེད་དམིགས་བུན་འཛིན་འགྲེམ་སྤེལ་གྱི་རྒྱ་ཁྱོན་རྒྱ་བསྐྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྡེ་ཁག་སོ་སོས་ཞན་ཆ་ཁ་གསབ་ཀྱི་དགོས་མཁོ་གཞིར་བཟུང་ནས་ཞིང་འབྲེལ་མ་རྩའི་བཀོལ་སྤྱོད་སྒྲིག་གཞི་ཇེ་ལེགས་སུ་གཏོང་དགོས། “ཞིང་ལས་ནས་བླངས་པ་གཙོ་བོ་ཞིང་ལས་ཀྱི་ཕྱོགས་སུ་བཀོལ་བ”ཡི་བླང་བྱ་ལྟར། ཞིང་ས་བཤུག་སྤྲོད་གཞན་སྐོར་གྱི་ཡོང་སྒོ་བེད་སྤྱོད་ཁྱབ་ཁོངས་སྙོམ་སྒྲིག་དང་འཐུས་ཚང་དུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་དང་ཞིང་སྡེར་མ་དངུལ་གཏོང་བའི་བསྡུར་ཁྱད་ཇེ་མཐོར་གཏོང་བའི་བསམ་འཆར་མྱུར་དུ་འདོན་དགོས། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་ཁྱབ་ཁོངས་སྙོམ་སྒྲིག་དང་འཐུས་ཚང་དུ་བཏང་ནས། ཞིང་ཆེན་རིམ་པར་སྔར་ལས་ཆེ་བའི་རང་བདག་དབང་ཆ་སྤྲོད་དགོས། སྐོར་ཐེངས་འདིའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་དུས་ཚོད་ལོངས་རྗེས་ཀྱི་སྲིད་ཇུས་ལ་ཞིབ་འཇུག་བྱེད་དགོས། “ཞིང་གསུམ”ཡིད་རྟོན་དངུལ་བུན་གྱི་དངུལ་ལོར་དང་། ནོར་སྲིད་དཔྱ་ཁྲལ། ལྟ་སྐུལ་དོ་དམ་སྲིད་ཇུས་ཀྱི་དྲང་ཕྱོགས་སྐུལ་ལྕག་ཇེ་དྲག་ཏུ་བཏང་ནས། འགྲུབ་ཡོན་དམའ་བའི་མ་དངུལ་གྱི་རྒྱབ་སྐྱོར་བྱེད་པ་དང་། ཉེན་ཁའི་ཤོངས་ཚད་མཐོར་འདེགས་གཏོང་བ། བྱ་དགའ་དང་ཁ་གསབ་བྱེད་ཐབས་ལེགས་བསྒྱུར་གནད་དུ་ཁེལ་བ་བྱེད་དགོས། ལས་ཁུངས་ཀྱི་ཁྲིམས་མི་རྫོང་ཁོངས་སུ་ཡོད་པ་དང་། ལས་སྒོའང་རྫོང་ཁོངས་སུ་ཡོད་པའི་དངུལ་རྩའི་ལས་ཁུངས་ལ། ཞིང་སྐྱོར་ཆུང་སྐྱོར་གྱི་ཡང་བསྐྱར་དངུལ་བུན་བསྐྱི་བའི་སྒོར་གྲངས་འོས་འཚམ་གྱིས་སྔར་ལས་ཆེ་རུ་གཏོང་དགོས།ཞིང་སྡེའི་ཡིད་རྟོན་ཁང་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ།རྫོང་ཁོངས་ཀྱི་ཁྲིམས་མིའི་གོ་གནས་རྒྱུན་སྲུང་བྱེད་དགོས།དཔྱད་ཞིབ་ཁྲིད་སྟོན་ལ་ཤུགས་སྣོན་བྱས་ཏེ།མ་དངུལ་ཕྱི་རོལ་ཏུ་ཤོར་བ་ཚབས་ཆེ་བའི་རྫོང་གི་བསགས་དངུལ་དང་དངུལ་བུན་བསྡུར་གྲངས་ལུགས་མཐུན་སྒོས་ཇེ་མཐོར་གཏོང་དགོས།ཚོང་ལས་དངུལ་ཁང་གིས“ཞིང་གསུམ”དང་ཁེ་ལས་ཆུང་གྲས་སོགས་ཀྱི་ཆེད་དམིགས་དངུལ་རྩའི་བུན་འཛིན་གཏོང་བར་སྐུལ་མ་གཏོང་དགོས།ཞིང་ཁྱིམ་གྱི་འབོར་ཉུང་དངུལ་བུན་ལ་ཁྲལ་བསྡུ་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱེད་དགོས།ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་གི་ཞིང་ར་སོགས་རྣམ་པ་གསར་པའི་ཞིང་ལས་བདག་གཉེར་བྱེད་མཁན་གྱིས་གཏན་འཁེལ་ལྟར་ད་སྤྱོད་ཁེ་ལས་ཆུང་རིགས་ཀྱི་འབྲེལ་ཡོད་དངུལ་བུན་ཁྲལ་བསྡུ་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག ཞིང་ལས་དངུལ་བུན་གྱི་དུས་ཡུན་ལུགས་མཐུན་དུ་བཏང་ནས།དེ་དང་ཞིང་ལས་ཐོན་སྐྱེད་ཀྱི་དུས་ཡུན་གཉིས་ཆ་མཐུན་ཡོང་བ་བྱེད་དགོས།རྒྱལ་ཡོངས་ཀྱི་ཞིང་ལས་དངུལ་བུན་ཁག་ཐེག་མ་ལག་གི་ནུས་པ་འདོན་སྤེལ་བྱས་ཏེ།རྣམ་པ་གསར་པའི་ཞིང་ལས་བདག་གཉེར་བྱེད་མཁན་གྱི་ཁག་ཐེག་བྱེད་སྒོ་ཆེ་རུ་སྤེལ་དགོས།དྲོད་ཁང་སྤྱིལ་ཆེན་དང་ར་བའི་གསོ་སྤེལ།ཞིང་ལས་འཕྲུལ་ཆས་ཆེ་རིགས།ས་ཞིང་གི་བདག་གཉེར་དབང་ཆ་སོགས་ཁྲིམས་ལྟར་སྒྲིག་ལམ་དང་མཐུན་པའི་སྒོ་ནས་གཏའ་མར་བཞག་ནས་མ་དངུལ་བསྡུ་རུབ་བྱེད་པར་སྐུལ་འདེད་གཏོང་དགོས།ཞིང་སྡེའི་སྤྱི་ཕན་དངུལ་རྩ་བཅོས་བསྒྱུར་ཚོད་ལྟ་བརྟན་བརླིང་གིས་རྒྱ་བསྐྱེད་དེ།ས་གནས་སྲིད་གཞུང་གིས་རྫོང་ཁོངས་ཀྱི་ཞིང་ཁྱིམ་དང་།ཁེ་ལས་ཆུང་འབྲིང་གི་ཡིད་རྟོན་ལ་རིམ་བགོས་གདེང་འཇོག་བྱེད་པ་དང་།དྲ་ཐོག་དང་དྲ་ཕྱི་མཉམ་འབྲེལ་ཡོང་བ་དང་།“མ་དངུལ་ཁག་ཐེག”གི་ཉེན་ཁ་མཉམ་ཁུར་བྱེད་པའི་སྤྱི་ཕན་དངུལ་རྩའི་ཞབས་ཞུ་མ་ལག་མྱུར་དུ་བཙུགས་ནས།གཏའ་མ་འཇོག་མི་དགོས་པ་དང་ཁག་ཐེག་བྱེད་མི་དགོས་པ།སྐྱེད་ཀ་དམའ་བ།རྒྱུན་སྲིང་འཕེལ་རྒྱས་ཡོང་བ་བཅས་ཀྱི་སྤྱི་ཕན་དངུལ་རྩའི་ཐོན་རྫས་སྔར་ལས་མང་པོ་འདོན་དགོས།ཞིང་ལས་འགན་བཅོལ་དང་འགན་བཅོལ་གྲོན་དངུལ་ཁ་གསབ་སྲིད་ཇུས་དངོས་འབེབས་བྱེད་པ་ལེགས་པར་བཟུང་ནས།འགན་བཅོལ་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྐྱིན་ཚབ་འདང་ཚོད་སྤྲོད་པར་སྐུལ་འདེད་གཏོང་དགོས།“ཉེན་ཁ+དུས་བཅད་ཚོང་ཟོང”གི་ཚོད་ལྟའི་རྣམ་པ་ལེགས་བསྒྱུར་བྱས་ཏེ།ཞིང་ལས་ཐོན་རྫས་ཀྱི་དུས་བཅད་ཚོང་ཟོང་དང་དུས་བཅད་དབང་ཆ་ཚོང་རར་འདོན་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

(ཉེར་བཞི།)གྲོང་གསེབ་ཀྱི་འཕེལ་རྒྱས་ཐད་སྤྱོད་པའི་ས་ཞིང་གི་དཀའ་གནད་ཐག་གཅོད་བྱེད་དགོས།རྨོ་ཞིང་དང་ཡུན་རིང་གི་གཞི་རྩའི་ཞིང་སར་སྲུང་སྐྱོབ་བྱེད་པའི་དམར་ཐིག་རྒྱུན་སྲུང་བྱེད་དགོས།གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཐད་སྤྱོད་པའི་ས་ཞིང་གི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་།ས་ཞིང་བེད་སྤྱོད་བྱེད་སྟངས་དང་འདོན་སྤྲོད་བྱེད་སྟངས་གསལ་པོ་བྱས་ཏེ།ཁག་བགོས་དོ་དམ་བྱེད་དགོས།ཞིང་ལས་འདེབས་འཛུགས་གསོ་སྤེལ་དང་སྡེབ་སྒྲིག་བྱས་པའི་སོས་ཉར་བསིལ་ཉར།ཞིང་ལས་འཕྲུལ་ཆས་ཀྱི་མཛོད་ཁང་།ཁག་འབྱེད་ཐུམ་རྒྱག བེད་མེད་དངོས་པོ་ཐག་གཅོད།ལྟ་སྐྱོང་ཁང་དོ་དམ་སོགས་རམ་འདེགས་སྒྲིག་ཆས་ཀྱི་སྤྱོད་ས་དེ་ཞིང་སའི་དོ་དམ་གྱི་ཁོངས་སུ་བཞག་ནས།དོན་དངོས་ཀྱི་ཐོན་སྐྱེད་ལྟར་རམ་འདེགས་སྒྲིག་ཆས་ཀྱི་སྤྱོད་སའི་ཆེ་ཆུང་ཐག་གཅོད་བྱེད་དགོས།ཞིང་ལས་སྒྲིག་ཆས་ཀྱི་སྤྱོད་ས་དེ་རྨོ་ཞིང་བྱེད་ཆོག ཞིང་ལས་སྒྲིག་བཀོད་ཀྱི་སྤྱོད་སར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས།ཞིང་ལས་སྒྲིག་ཆས་སྤྱོད་སའི་མིང་ཐོག་ནས་ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་བྱེད་མི་ཆོག གྲོང་གསེབ་ཀྱི་ཁྱབ་ཁོངས་ཡོངས་སུ་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཚོད་ལྟ་སྤེལ་ཏེ།ཞིང་སྡེའི་ཐོན་སྐྱེད་དང་འཚོ་བ།སྐྱེ་ཁམས་སོགས་བར་སྟོང་གི་ཁྱབ་ཚུལ་ལེགས་བསྒྱུར་བྱེད་དགོས།རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་འཆར་འགོད་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག སྡེ་བ་དག་ཐེར་བཅོས་སྐྱོང་དང་ས་ཞིང་ལེགས་བཅོས་སོགས་ཀྱི་རྣམ་པ་བརྒྱུད་དེ་ཞིང་སྡེའི་ཐུན་མོང་འཛུགས་སྐྲུན་སྤྱོད་ས་ལྷག་མ་རྣམས་གྲོང་གསེབ་འཕེལ་རྒྱས་སུ་གཏོང་བའི་ཐོན་ལས་ལས་གཞིར་དམིགས་སུ་བཟུང་ནས་བཀོལ་དགོས།གསར་དུ་བསྒྲིགས་པའི་རྫོང་དང་ཞང་རིམ་པའི་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་འཆར་འགོད་ལ10%ལས་མི་ཉུང་བའི་འཛུགས་སྐྲུན་སྤྱོད་སའི་ཚད་གཞི་བཀོད་སྒྲིག་བྱས་ཏེ།གཙོ་བོ་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྤྱོད་སར་འགན་སྲུང་བྱེད་དགོས།ཞིང་ཆེན་རིམ་པས་ས་ཞིང་བེད་སྤྱོད་ཐད་ཀྱི་ལོ་འཁོར་མོའི་འཆར་གཞི་བཟོ་སྐབས།ཆེས་ཉུང་ནའང5%ཡི་འཛུགས་སྐྲུན་སྤྱོད་སའི་དམིགས་ཚད་གསར་སྣོན་བྱས་ཏེ།གྲོང་གསེབ་ཀྱི་གཙོ་གནད་ཐོན་ལས་དང་ལས་གཞིའི་སྤྱོད་སར་འགན་སྲུང་བྱེད་དགོས།ཞིང་སྡེའི་ཐུན་མོང་འཛུགས་སྐྲུན་གྱི་སྤྱོད་ས་དེ་མ་རྐང་དུ་འཇོག་པ་དང་གླས་སྤྱོད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཐད་ཀར་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྟེང་དུ་བཀོལ་ཆོག “གློད་སྡོམ་ཞབས”ཀྱི་བཅོས་བསྒྱུར་བླང་བྱ་ལྟར།ཞིང་སྡེའི་ཐུན་མོང་འཛུགས་སྐྲུན་གྱི་སྤྱོད་སར་ཞིབ་བཤེར་ཆོག་མཆན་བཀོད་པའི་ཐད་ནས་ཁྱོན་ཡོངས་གསེད་གྲོལ་གཏོང་བ་དང་།ཞིབ་བཤེར་ཆོག་མཆན་དང་ཞིབ་བཤེར་གཏན་འབེབས་ཀྱི་གོ་རིམ་སྟབས་བདེ་རུ་བཏང་ནས།ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཆ་འོག་རིམ་དུ་སྤྲོད་དགོས།གྲོང་གསེབ་འཛུགས་སྐྲུན་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་ཐད་ཀྱི“ཞིབ་བཤེར་མང་པོ་གཅིག་སྒྲིལ་དང་ལག་ཁྱེར་མང་པོ་གཅིག་སྒྲིལ”བྱེད་པའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས།ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྤྱོད་སར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བསམ་འཆར་མྱུར་དུ་འདོན་དགོས།

(ཉེར་ལྔ།)འཇོན་མི་གཞི་རིམ་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས།ཞིང་ལས་ཤེས་ཤིང་ཞིང་ལས་ལ་དགའ་བ་དང་།གྲོང་གསེབ་ཏུ་རྐང་ཚུགས་པའི་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱས་ཏེ།ཚན་རྩལ་གྱི་གྲུབ་འབྲས་མང་པོ་ཞིང་ཁར་བཀོལ་བར་སྐུལ་འདེད་གཏོང་དགོས།འཇོན་མི་སྣ་ཚོགས་གཞི་རིམ་དུ་སྐྱོད་པའི་བགྲོད་ལམ་ཐོགས་མེད་ཤར་གཏོང་ཐུབ་པ་བྱས་ཏེ།སློབ་གྲྭ་ཆེན་མོ་པ་དང་དམག་ཁོངས་ནས་བུད་པའི་དམག་མི།ཁེ་ལས་པ་སོགས་ཞིང་སྡེ་རུ་སོང་ནས་བྱ་བ་གཉེར་བ་དང་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས།ཞིང་ལས་རྒྱང་སྒྲོག་སློབ་གྲྭ་དང་ཞིང་ལས་ཚན་ཞིབ་སློབ་གླིང་།ཞིང་འབྲེལ་སློབ་གླིང་།ཞིང་ལས་སྣེ་ཁྲིད་ཁེ་ལས་སོགས་ཀྱི་ཐོན་ཁུངས་སྣ་ཚོགས་ཧྲག་སྡེབ་བེད་སྤྱོད་བྱས་ཏེ།བྱང་ཚད་མཐོ་བའི་ཞིང་པའི་སློབ་གསོ་གསོ་སྦྱོང་མ་ལག་མྱུར་དུ་འཛུགས་དགོས།རྫོང་ཁོངས་ཀྱི་འཇོན་མི་གཅིག་གྱུར་བཀོད་འདོམས་སྒོས་སྐྱེད་སྲིང་དང་བཀོལ་སྤྱོད་བྱེད་པའི་ལམ་ལུགས་དངོས་འབེབས་བྱེད་དགོས།རྩ་འཛུགས་ཡོད་པའི་སྒོ་ནས་གྲོང་ཁྱེར་གྱི་ཚན་ཞིབ་མི་སྣ་དང་བཟོ་འགོད་པ།འཆར་འགོད་པ།ཨར་ལས་པ།དགེ་རྒན།སྨན་པ་བཅས་གཞི་རིམ་དུ་སོང་ནས་ཞབས་ཞུ་སྒྲུབ་པར་སྐུལ་སློང་བྱེད་དགོས།གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་སྨན་པ་རྣམས་ཀྱིས་མཐོ་རིམ་གོ་མིང་ལེན་པའི་སྐབས་སུ།རྩ་དོན་སྟེང་ནས་བཤད་ན་ཞིང་སྡེ་དང་གཞི་རིམ་དུ་སོང་ནས་ལོ་གཅིག་ཡན་གྱི་བྱ་བ་བསྒྲུབས་པ་དང་ཞབས་ཞུ་བྱས་པའི་ཉམས་མྱོང་ཡོད་དགོས།ཞིང་འབྲེལ་རིག་ཚན་གྱི་ཆེད་ལས་བཀོད་སྒྲིག་ཇེ་ལེགས་སུ་བཏང་སྟེ།མྱུར་མཁོ་དང་ཉུང་དཀོན་ཅན་གྱི་ཞིང་འབྲེལ་ཆེད་ལས་སྔོན་ལ་བསྡུ་དགོས།གྲོང་གསེབ་ཀྱི་འཇོན་མི་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་བསམ་འཆར་མྱུར་དུ་འདོན་དགོས།

(ཉེར་དྲུག)ཚན་རྩལ་འདེགས་སྐྱོར་གྱི་ནུས་པར་ཤུགས་སྣོན་དགོས།ཞིང་ལས་ཀྱི་གཙོ་གནད་སྲོག་ཤིང་ལྟ་བུའི་ལག་རྩལ་འགག་སྒོ་ཇེ་དམ་དུ་བཏང་ནས།ཚན་རྩལ་ལས་གཞི་ཆེན་པོ་སྐོར་ཞིག་བཀོད་སྒྲིག་བྱེད་པ་དང་།ཚན་རྩལ་གྱི་མཐོ་གནས་འཕྲོག་འཛིན་བྱེད་དགོས།ཞིང་ལས་སྐྱེ་དངོས་ཀྱི་ཚན་རྩལ་ཞིབ་འཇུག་ལ་ཤུགས་སྣོན་པ་དང་།སོན་ལས་རང་བདག་གསར་སྐྲུན་བྱེད་པའི་བཟོ་འགོད་ཤུགས་ཆེན་པོས་ལག་བསྟར་བྱེད་པ།རྒྱལ་ཁབ་ཀྱི་ཞིང་ལས་གཞི་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་པ་བཅས་ཀྱིས།ལྷོ་སྤེལ་ཚན་ཞིབ་སོན་གསོ་རྟེན་གཞི་འཛུགས་པར་སྐུལ་འདེད་གཏོང་དགོས།རྣམ་པ་ཆེ་འབྲིང་དང་རིག་ནུས་ཅན།མཉམ་འདུས་ཅན་གྱི་ཞིང་ལས་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ།དེའུ་འབུར་རི་ཁུལ་གྱི་ཞིང་ས་འཕྲུལ་ཆས་ཅན་དུ་ལེགས་བསྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས།ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ལག་ལེན་གཏིང་ཟབ་བྱས་ཏེ།ཚན་རྩལ་ཆེད་མངགས་པའི་དཔུང་སྡེ་སྔར་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས།ཡུན་རིང་བརྟན་འཇགས་ཀྱི་རྒྱབ་སྐྱོར་བྱེད་སྟངས་སྤྱད་དེ།དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་།ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ཁེབས་ཚད་ཁྱབ་ཁོངས་རྒྱ་བསྐྱེད་དེ།ཞིང་ལས་ཐོན་ལས་སྦྲེལ་རྡང་ཡོངས་རྫོགས་ཀྱི་བགོ་སྒྲིག་ཚན་རྩལ་ཐོན་ཁུངས་ལ་ཁ་གཏད་དགོས།ཞིང་ལས་ཐོན་ལས་ཀྱི་ཚན་རྩལ་གསར་སྐྲུན་ལྟེ་གནས་སྐྲུན་པར་ཤུགས་སྣོན་དགོས།རྒྱལ་ཁབ་ཀྱི་ཞིང་ལས་མཐོ་གསར་ལག་རྩལ་གྱི་ཐོན་ལས་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་གླིང་ཁུལ་སོགས་གསར་སྐྲུན་སྟེགས་བུའི་རྟེན་གཞི་སྐྲུན་པར་ཤུགས་སྣོན་དགོས།དེང་རབས་གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས།

(ཉེར་བདུན།)ཞིང་སྡེའི་བཅོས་བསྒྱུར་ལས་འགན་གལ་ཆེན་ལེགས་འཛིན་བྱེད་དགོས།ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ལོངས་རྗེས་ཡང་བསྐྱར་ལོ30ཇེ་རིང་དུ་གཏོང་བའི་ཚོད་ལྟ་སྤེལ་བ་དང་།ཚོད་ལྟའི་རྨང་གཞིའི་སྟེང་འགན་གཙང་ལེན་གྱི་ཡུན་བསྲིང་བའི་བྱེ་བྲག་གི་བྱེད་ཐབས་ཞིབ་འཇུག་སྒོས་བཟོ་དགོས།རྣམ་པ་མང་ཞིང་ཚད་དང་རན་པའི་གཞི་ཁྱོན་གྱི་བདག་གཉེར་འཕེལ་རྒྱས་གཏོང་བར་སྐུལ་མ་བཏང་ནས།ཞིང་ཁྱིམ་ཆུང་བར་ཁ་གཏད་པའི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་དགོས།ཞིང་སྡེའི་ཐུན་མོང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་སྤྱོད་ས་ཚོང་རར་ཞུགས་པའི་ཆ་སྒྲིག་ལམ་ལུགས་གཏན་འབེབས་བྱེད་དགོས།ཞིང་སྡེའི་གཞིས་སར་དོ་དམ་གཟབ་ནན་བྱེད་པ་དང་།ཞང་གྲོང་གི་གཞིས་སར་ཆོག་མཆན་འགོད་པར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས།ས་ཞིང་བེད་སྤྱོད་བྱེད་པར་ཚོད་འཛིན་མི་ཐུབ་པ་གཏན་འགོག་བྱེད་དགོས།གཞིས་སའི་བཀོལ་སྤྱོད་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་དཔང་ཡིག་སྟེར་བར་ཏན་ཏིག་གིས་སྐུལ་འདེད་བྱེད་དགོས།གཞིས་སའི་བདག་དབང་དང་ཐོབ་ཐང་དབང་ཆ།བཀོལ་སྤྱོད་དབང་ཆ་བཅས་དབང་ཆ་གསུམ་བགོ་སྒྲིག་འཚོལ་ཞིབ་བྱེད་པ་གཙོ་གནད་དུ་བཟུང་ནས།སྔར་ལས་ལྷག་པར་ཞིང་སྡེའི་གཞིས་སའི་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་དགོས།ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་བྱེད་པའི་ཚོད་ལྟ་ཁྱོན་ཡོངས་ནས་སྤེལ་ཏེ།ཐུན་མོང་ཁོངས་མིའི་ཐོབ་ཐང་ངོས་འཛིན་དང་ཐུན་མོང་རྒྱུ་ནོར་མ་རྐང་ཕབ་གཅོག་ཚད་འབེབས།མ་རྐང་མཉམ་ལས་ལམ་ལུགས་བཅོས་བསྒྱུར།ཐུན་མོང་དཔལ་འབྱོར་རྩ་འཛུགས་ཐོ་འགོད་དང་ཨང་སྟེར་སོགས་ཀྱི་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་དགོས།ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་རྒྱ་བསྐྱེད་དེ།ཐུན་མོང་གི་རྒྱུ་ནོར་དོ་དམ་བྱེད་པར་ཤུགས་སྣོན་དགོས།མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་བྱེད་ཚད་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ།ཞིང་ལས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་མཐོར་འདེགས་གཏོང་དགོས་ཤིང་།ས་རྒོད་གསར་སྦོལ་དང་རྒྱལ་དབང་ནགས་ཁུལ་ནགས་ར།ཐུན་མོང་གི་ནགས་དབང་ལམ་ལུགས།རྩྭ་ཐང་འགན་གཙང་ལེན་བདག་གཉེར་ལམ་ལུགས།ཞིང་ལས་ཆུ་རིན་སོགས་བཅོས་བསྒྱུར་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་དགོས།ཞིང་ལས་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་བཅོས་བསྒྱུར་བྱེད་ཚད་གཏིང་ཟབ་ཏུ་བཏང་ནས།ཁྲིམས་བསྟར་མ་ལག་འཐུས་ཚང་དང་ཁྲིམས་བསྟར་ནུས་པ་མཐོར་འདེགས་གཏོང་དགོས།

“ཞིང་གསུམ”བྱ་བ་ལེགས་པར་བསྒྲུབ་དགོས་ན།གཙོ་བོ་ཏང་ལ་བརྟེན་དགོས།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བ་དང་འབྲེལ་བའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་དང་།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར།ལམ་ལུགས་འཛུགས་སྐྲུན་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པ་དེ“ཞིང་གསུམ”བྱ་བའི་གོ་གནས་སྔར་ལས་འབུར་ཐོན་དུ་འཇོག་པ་བཅས་བྱས་ཏེ།ཞིང་སྡེའི་གཞི་རྩའི་སྲིད་ཇུས་བརྟན་བརླིང་ཡོང་དུ་འཇུག་པ་དང་།དུས་རབས་གསར་པའི“ཞིང་གསུམ”བྱ་བའི་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེ་བྱ་བའི་སྲོལ་ཡིག》ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་།ཏང་གིས“ཞིང་གསུམ”བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་པར་ཤུགས་སྣོན་པ།ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས།རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་གྱི་འགན་འཁྲི་འཛིན་པར་ཤུགས་སྣོན་པ།རྫོང་ཨུའི་ཧྲུའུ་ཅི་ཡིས་ནུས་ཤུགས་གཙོ་བོ“ཞིང་གསུམ”བྱ་བའི་སྟེང་དུ་བཀོལ་དགོས་པའི་བླང་བྱ་དངོས་འབེབས།ཏང་ཨུའི་ཞིང་སྡེ་བྱ་བའི་ནང་རྐྱེན་འཛུགས་པར་ཤུགས་སྣོན་པ།ཞིང་ལས་ཤེས་པ་དང་ཞིང་སྡེ་ལ་དགའ་བ།ཞིང་པར་དགའ་བ་བཅས་ཀྱི“ཞིང་གསུམ”བྱ་བའི་དཔུང་སྡེ་ཤུགས་ཆེན་པོས་སྐྱེད་སྲིང་།ཞིང་སྡེའི་ལས་བྱེད་པའི་ཐོབ་ཆ་ཇེ་མཐོར་གཏོང་བ་བཅས་བྱེད་དགོས།ཞིང་སྡེའི་དོན་དངོས་གནས་ཚུལ་ནས་མགོ་རྩོམ་པ་རྒྱུན་འཁྱོངས་དང་།ཡུལ་བབ་དང་བསྟུན་པ།ཞིང་པའི་འདོད་བློར་བརྩི་སྲུང་བྱེད་པ།ནུས་ཤུགས་ཡོད་རྒུ་འདོན་པ་བཅས་ཀྱིས་འགན་བབ་ཀྱི་བྱ་བ་རེ་རེ་བཞིན་ཐག་གཅོད་བྱེད་པ་དང་།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་ཅི་ཐུབ་བྱས་ཏེ།སྲིད་ཇུས་ལག་བསྟར་སྟབས་བདེ་ཅན་དང“གཅིག་གཅོད་ཅན”དུ་བསྒྱུར་བ་འགོག་དགོས།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་གྱི“ཞིང་གསུམ”སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་དེ་ཀྲུང་དབྱང་སྐོར་ཞིབ་བྱ་བའི་ནང་དོན་གཙོ་བོར་འཇོག་དགོས།

ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་པ་དང་།ཡིད་ཆེས་ཇེ་བརྟན་དང་ཡར་རྒྱས་བརྩོན་ལེན།དཀའ་སྤྱད་སྙིང་རུས།ལས་སྒྲུབ་ཏན་ཏིག་བཅས་བྱས་ཏེ།དབུལ་ཐར་འགག་སྒྲོལ་ཐད་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ལ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་དང་མི་འདང་ས་མྱུར་དུ་ཁ་གསབ་བྱས་ཏེ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་བའི་ཐད་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས། །

(ཞིན་ཧྭ་གསར་འགྱུར་ཁང་གི་ཟླ2པའི་ཚེས5ཉིན་གྱི་གློག་འཕྲིན།)