2020ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ།(ཁག་དང་པོ)

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ཞིང་གསུམ”ཁྱབ་ཁོངས་ཀྱི་གཙོ་གནད་བྱ་བ་ལེགས་འཛིན་བྱས་ཏེ། དུས་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་འབྱུང་བར་ཁག་ཐེག་ནན་མོ་བྱེད་དགོས་པའི་སྐོར་གྱི་བསམ་འཆར།

(2020ལོའི་ཟླ་དང་པོའི་ཚེས2ཉིན།)

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དུ།ཏང་ཀྲུང་དབྱང་གིས་དབུལ་ཐར་འགག་སྒྲོལ་ཐད་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར་དམིགས་ནས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཤིང་། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན། ཞིང་ལས་དང་ཞིང་སྡེ་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བའི་ལག་ལེན་ལས།ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་བྱེད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་ཡིན་པས།རྗེས་ཕྱོགས་ཀྱི་དུས་རིམ་ཞིག་གི་ནང་མུ་མཐུད་དུ་ལག་ལེན་མཐར་ཕྱིན་བྱེད་དགོས་པ་ར་སྤྲོད་བྱས་ཡོད།

2020ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་དམིགས་འབེན་མངོན་འགྱུར་འབྱུང་བའི་ལོ་ཡིན་ལ།ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་ཐད་རྒྱལ་ཁ་ལེན་པ་མཇུག་བསྡུ་བའི་ལོའང་ཡིན་པས། ཏང་ཀྲུང་དབྱང་གིས་གོང་བརྗོད་ཀྱི་དམིགས་འབེན་ལས་འགན་ཆེན་པོ་འདི་གཉིས་ལེགས་འགྲུབ་འབྱུང་དགོས་ན།དབུལ་ཐར་འགག་སྒྲོལ་གྱི་ཆེས་མཐའ་མའི་བཙན་རྫོང་ངེས་པར་དུ་གཏོར་དགོས་པ་དང་།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི “ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པོའི་ཞན་ཆ་ངེས་པར་དུ་ཁ་གསབ་བྱེད་དགོས་པར་འདོད་ཀྱིན་ཡོད། འབྱོར་འབྲིང་ཡིན་མིན་དེ་གཙོ་བོ་ཡུལ་མི་ཚོར་བལྟ་དགོས་པ་དང་།དབུལ་ཐར་འགག་སྒྲོལ་གྱི་སྤུས་ཚད་ཅི་འདྲ་ཡིན་པ་དང་འབྱོར་འབྲིང་བྱུང་ཚུལ་ཅི་འདྲ་ཡིན་པ་དེ་གཙོ་བོ“ཞིང་གསུམ”བྱ་བའི་ཕན་འབྲས་ལ་བལྟ་དགོས། ཏང་ཡོངས་ཀྱིས་ངེས་པར་དུ2020ལོའི“ཞིང་གསུམ” བྱ་བ་ལེགས་སྒྲུབ་བྱེད་པའི་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལ་ངོས་ཟིན་གཏིང་ཟབ་བྱེད་པ་དང་། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་མུ་མཐུད་དུ་ཤུགས་བསྣན་ནས། ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་བརྩོན་ལེན་བྱེད་དགོས།

2020ལོའི“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།བཞི་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ།ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་འབེན་ལ་ཞིབ་ཏུ་བསྡུར་བ་བཅས་བྱས་ཏེ། བྱེད་ཐབས་ཤུགས་དྲག་དང་དངོས་འབེབས་ནན་འཛིན་བྱེད་པ་དང་།སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་ཐར་འགག་སྒྲོལ་ཐད་རྒྱལ་ཁ་ལེན་པ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི“ཞིང་གསུམ”ཁྱབ་ཁོངས་ཀྱི་མངོན་གསལ་དོད་པོའི་མི་འདང་ས་དང་ཞན་ཆ་ཁ་གསབ་བྱེད་པའི་གཙོ་གནད་ལས་འགན་ཆེན་པོ་གཉིས་འགྲུབ་པ་བཅས་བྱེད་དགོས་ཤིང་། ཞིང་ལས་ཀྱི་ཐོན་བརྟན་མཁོ་སྲུང་དང་ཞིང་པའི་ཡོང་སྒོ་སྤར་བ་རྒྱུན་མཐུད་ནས་ལེགས་འཛིན་བྱས་ཏེ། ཞིང་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པ་དང་། ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་རྒྱུན་སྲུང་བྱས་ནས། ཞིང་པ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་མཐོ་རུ་འདེགས་དགོས། དབུལ་ཐར་འགག་སྒྲོལ་རྒྱལ་ཁའི་ངང་མཇུག་བསྡུ་བར་ཁག་ཐེག་ནན་མོ་བྱེད་པ་དང་།ཞིང་སྡེ་ལ་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཁག་ཐེག་ནན་མོ་བྱེད་རྒྱུ་བཅས་རེད།

དང་པོ། དབུལ་ཐར་འགག་སྒྲོལ་ཐད་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།

(གཅིག)ཁྱོན་ཡོངས་ནས་དབུལ་ཐར་ལས་འགན་ལེགས་འགྲུབ་བྱེད་དགོས། དབུལ་ཐར་འགག་སྒྲོལ་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་ཟིན་པ་དང་།དབུལ་ཕོངས་མི་འབོར་མང་ཆེ་ཤོས་དབུལ་ཕོངས་ལས་ཐར་ཟིན་པས། ད་ལྟ་མཁར་ལེན་ཡུལ་འཕྲོག་དང་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་དུས་རིམ་དུ་ཐོན་ཡོད། གནད་ཁེལ་དབུལ་སྐྱོར་རྒྱུན་འཁྱོངས་བྱེད་དགོས་ན། སྔར་བས་ནུས་ལྡན་གྱི་བྱེད་ཐབས་དང་སྔར་བས་ཞིབ་ཕྲ་ཡིན་པའི་བྱ་བར་བརྟེན་ནས“སེམས་ཁྲལ་བྱེད་མི་དགོས་པ་གཉིས”ཡོངས་ཁྱབ་ཏུ་མངོན་འགྱུར་བྱས་པའི་རྨང་གཞིའི་སྟེང་།“འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ།འཕྲོ་མའི་དབུལ་ཕོངས་མི་འབོར་དུས་བཅད་ལྟར་དབུལ་ཐར་བྱེད་པར་ཁག་ཐེག་ནན་མོ་བྱེད་དགོས།“ལྗོངས་གསུམ་ཁུལ་གསུམ”སོགས་ཀྱི་དབུལ་ཕོངས་དབུལ་ནག་ས་ཁུལ་ལ་སྔར་ལས་དམ་པོར་དམིགས་ཏེ།འབུར་ཐོན་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་གཟས་ནས་གཅིག་བསྡུས་ཀྱིས་ཤུགས་འདོན་པ་དང་།སྲིད་ཇུས་དངོས་འབེབས་དང་དོན་འཁྱོལ་ནན་འཛིན་བྱེད་དགོས།དབུལ་ཕོངས་དབུལ་ནག་ས་ཁུལ་གྱི་དབུལ་ཕོངས་མི་གྲངས་མང་བ་དང་དབུལ་ཕོངས་འབྱུང་ཚད་མཐོ་བ།དབུལ་ཐར་དཀའ་ཁག་ཆེ་བའི་རྫོང་དང་སྲིད་འཛིན་སྡེ་བ་ལ། ཧྲག་འཇོན་གྱི་སྟོབས་ཤུགས་རྩ་འཛུགས་བྱས་ནས་ཤུགས་ཆེན་པོས་རོགས་སྐྱོར་བྱེད་པ་དང་སྒོ་བྱང་བཀལ་ནས་གཡུལ་འགྱེད་ལྟ་སྐུལ་བྱེད་དགོས།དམིགས་བསལ་གྱི་དབུལ་ཕོངས་ཚོགས་སྤྱི་ལ།མ་མཐའི་འཚོ་བའི་འགན་སྲུང་དང་སྨན་བཅོས་འགན་སྲུང་།རྒན་གསོ་འགན་བཅོལ།ཁྱད་དབུལ་མི་སྣར་སྐྱོབ་རོགས་བསྙེན་བཀུར་བྱེད་པ་དང་སྐབས་འཕྲལ་སྐྱོབ་རོགས་བྱེད་པ་སོགས་ཕྱོགས་བསྡུས་སྤྱི་ཚོགས་འགན་སྲུང་སྲིད་ཇུས་དངོས་འབེབས་དོན་འཁྱོལ་བྱས་ཏེ།འགན་སྲུང་བྱེད་དགོས་པ་ཐམས་ཅད་ལ་འགན་སྲུང་མངོན་འགྱུར་བྱེད་དགོས།རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཆེད་དམིགས་དབུལ་སྐྱོར་མ་དངུལ་མུ་མཐུད་དུ་འཕར་སྣོན་བཏང་ནས།ཀྲུང་དབྱང་ནོར་སྲིད་ཀྱིས་གསར་སྣོན་བྱས་པའི་ཁག་དེ་གཙོ་བོ“ལྗོངས་གསུམ་ཁུལ་གསུམ”ལ་སོགས་པའི་དབུལ་ཕོངས་དབུལ་ནག་ས་ཁུལ་ལ་བཀོལ་དགོས། མཁར་གྲོང་འཛུགས་སྐྲུན་ཐད་སྤྱོད་དགོས་པའི་ས་ཞིང་སྣོན་འཕྲི་བྱེད་པ་དང་མཉམ་དུ་སྦྲེལ་བ་དང་།དབུལ་སྐྱོར་གྱི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་གཏོང་བ་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ལེགས་བསྒྱུར་བྱེད་དགོས་ཤིང་།ཏང་གི་འཛུགས་སྐྲུན་གཏིང་ཟབ་སྒོས་བཟུང་ནས་དབུལ་ཐར་འགག་སྒྲོལ་ལ་ཡར་སྐུལ་གཏིང་ཟབ་བྱེད་དགོས།

(གཉིས།)དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་བྱེད་དགོས། ས་གནས་སོ་སོས་དབུལ་ཐར་བྱས་ཟིན་པའི་མི་གྲངས་ལ་ཕྱོགས་ཡོངས་ནས་རིམ་བཤེར་བྱས་ཏེ།ནན་ཏན་གྱིས་ཆད་ཟགས་སྟོང་གསུམ་ཞིབ་འཚོལ་བྱེད་པ་དང་།དོན་ཚན་རེ་རེ་བཞིན་དག་ཐེར་གཙང་སེལ་བྱས་ཏེ།ཁྱིམ་ཚང་རེ་རེ་བཞིན་རྩིས་ཐོ་ལས་བསུབ་དགོས།ས་གནས་སོ་སོའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་དང་ཁྱབ་སྤེལ་བཏང་ནས།ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།བརྟན་འཇགས་མིན་པའི་དབུལ་ཐར་ཁྱིམ་ཚང་དང་མཐའ་ལྷུང་ཁྱིམ་ཚང་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བྱས་ཏེ།ཡང་བསྐྱར་དབུལ་ཕོངས་སུ་གྱུར་པའི་མི་གྲངས་དང་གསར་དུ་བྱུང་བའི་དབུལ་ཕོངས་མི་འབོར་དག་དུས་ཐོག་ཏུ་རོགས་སྐྱོར་བྱེད་པའི་གྲས་སུ་འཇོག་དགོས་ལ།དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཆེད་དུ་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་ཤུགས་ཆེར་བཏང་ནས།འཛད་སྤྱོད་ཀྱི་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་བ་དང་།གཞན་སར་གནས་སྤོ་བའི་དབུལ་སྐྱོར་གྱི་རྗེས་མཐུད་དབུལ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས། དབུལ་ཕོངས་ས་ཁུལ་གྱི་རྨོ་བསྐྱུར་ནགས་སྐྱོང་རྩྭ་འདེབས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་དགོས། བློ་དང་ཤེས་རབ་ལ་རོགས་སྐྱོར་བྱེད་ཚད་ཆེ་རུ་བཏང་ནས། དབུལ་ཕོངས་མི་གྲངས་ཀྱི་ནང་གནས་སྒུལ་ཤུགས་བསླང་དགོས།

(གསུམ།)དཔྱད་ཞིབ་ཚད་ལེན་དང་དྲིལ་སྒྲོག་བྱ་བ་ལེགས་སྒྲུབ་བྱེད་དགོས། དབུལ་ཕོངས་ལས་འབུད་པའི་འགག་སྒོ་ནན་སྲུང་བྱས་ཏེ།དབུལ་ཕོངས་ལས་འབུད་པའི་ཚད་གཞི་དང་བརྒྱུད་རིམ་གཟབ་ནན་གྱིས་ལག་བསྟར་བྱེད་དགོས་པ་དང་།གྲངས་ཀའི་དབུལ་ཐར་དང་རྫུན་ཟོབ་དབུལ་ཐར་བློ་ཐག་རྦད་ཆོད་ཀྱིས་གཏན་འགོག་བྱས་ཏེ།དབུལ་ཐར་གྲུབ་འབྲས་ཀྱིས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས།རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས།གནད་དོན་དུས་ཐོག་ཏུ་རྙེད་པ་དང་དག་ཐེར་ལ་ལྟ་སྐུལ་བྱེད་དགོས།དབུལ་ཐར་འགག་སྒྲོལ་གྱི་ཁྱབ་བཤེར་བྱ་བ་སྤེལ་དགོས།དབུལ་ཐར་འགག་སྒྲོལ་གྱི་དྲིལ་སྒྲོག་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་བྱས་ཏེ། དུས་རབས་གསར་པའི་དབུལ་སྐྱོར་དབུལ་ཐར་གྱི་ལག་ལེན་བཟང་པོ་ཕྱོགས་ཡོངས་ནས་མངོན་པར་མཚོན་དགོས་པ་དང་། དབུལ་སྐྱོར་བྱ་གཞག་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དྲིལ་སྒྲོག་བྱེད་ཅིང་། དབུལ་ཐར་འགག་སྒྲོལ་གྱི་རླབས་ཆེན་གྲུབ་འབྲས་རྒྱབ་ཀྱི་ལམ་ལུགས་ཀྱི་ལེགས་ཆ་གཏིང་ཟབ་སྒོས་གསལ་སྟོན་བྱས་ཏེ།ཀྲུང་གོའི་དབུལ་ཕོངས་ཉུང་འཕྲི་བྱེད་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ལེགས་པོ་འཛམ་བུ་གླིང་ལ་བཤད་དགོས།

(བཞི།)དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་སྤྱི་ཁོག་བརྟན་བརླིང་ཡོང་བ་རྒྱུན་སྲུང་བྱེད་དགོས།དབུལ་ཕོངས་རྫོང་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ནའང་འགན་འཁྲི་མི་འདོར་བ་དང་སྲིད་ཇུས་མི་འདོར་བ།རོགས་སྐྱོར་མི་འདོར་བ། ལྟ་སྐུལ་དོ་དམ་མི་འདོར་བ་རྒྱུན་འཁྱོངས་བྱེད་དགོས།དབུལ་ཐར་འགག་སྒྲོལ་གྱི་འགན་འཁྲི་དངོས་འབེབས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། དབུལ་ཕོངས་རྫོང་གི་རོགས་སྐྱོར་སྲིད་ཇུས་གཙོ་བོ་དག་མུ་མཐུད་དུ་ལག་བསྟར་བྱེད་དགོས་པ་དང་།ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར།གནས་གཏན་དབུལ་སྐྱོར།སྤྱི་ཚོགས་དབུལ་སྐྱོར་བཅས་ཀྱི་ཤུགས་ཚད་སྔར་ལས་ཆེ་རུ་བཏང་ནས།དབུལ་སྐྱོར་གྱི་དཔུང་ཁག་བརྟན་པོ་བྱེད་པ་དང་།གཞི་རིམ་ལ་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས།དབུལ་ཕོངས་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དམིགས་བཅོས་སྐྱོང་མུ་མཐུད་དུ་སྤེལ་དགོས། བརྟན་འཇགས་དབུལ་ཐར་མངོན་འགྱུར་བྱས་ཟིན་པའི་རྫོང་ལ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)སོ་སོས་དོན་དངོས་ཀྱི་གནས་ཚུལ་གཞིར་བཟུང་ནས།གཅིག་གྱུར་འཆར་འགོད་ཀྱིས་ཆེད་དམིགས་དབུལ་སྐྱོར་མ་དངུལ་བཀོད་སྒྲིག་བྱེད་དགོས་ཤིང་།དབུལ་ཕོངས་མ་ཡིན་པའི་རྫོང་དང་དབུལ་ཕོངས་མ་ཡིན་པའི་སྡེ་བའི་དབུལ་ཕོངས་མི་འབོར་དབུལ་ཕོངས་ལས་ཐར་རོགས་བྱེད་དགོས།

(ལྔ།)དབུལ་ཕོངས་ཉུང་འཕྲི་བྱེད་པའི་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བར་ཞིབ་འཇུག་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ལེགས་འགྲུབ་བྱས་རྗེས།རང་རྒྱལ་གྱི་དབུལ་ཕོངས་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་འབྱུང་སྲིད་པས།དབུལ་སྐྱོར་བྱ་བའི་གཙོ་གནད་དེ་བལྟོས་བཅས་ཀྱི་དབུལ་ཕོངས་ཐག་གཅོད་བྱེད་པའི་ཕྱོགས་སུ་བསྒྱུར་དགོས་པ་དང་།དབུལ་སྐྱོར་བྱ་བའི་བྱེད་སྟངས་ནི་གཅིག་བསྡུས་ཀྱི་དམག་འཐབ་ནས་རྒྱུན་རྣམ་སྐུལ་འདེད་བྱེད་པའི་ཕྱོགས་སུ་ལེགས་སྒྲིག་བྱེད་དགོས།བལྟོས་བཅས་ཀྱི་དབུལ་ཕོངས་ཐག་གཅོད་པའི་ཡུན་ཕན་ནང་རྐྱེན་འཛུགས་པར་ཞིབ་འཇུག་བྱས་ནས།དབུལ་ཕོངས་ཉུང་འཕྲི་བྱེད་པའི་འཐབ་ཇུས་དང་བྱ་བའི་མ་ལག་བརྟན་ཆགས་ངང་རིགས་བསྒྱུར་བར་སྐུལ་འདེད་གཏོང་དགོས།བལྟོས་བཅས་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་པའི་རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་ཏེ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་གཅིག་གྱུར་འཆར་འགོད་ཀྱི་བཀོད་སྒྲིག་ནང་འཇོག་དགོས་ལ།དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་དམ་ཚགས་ཀྱིས་སྦྲེལ་མཐུད་བྱེད་པའི་བསམ་འཆར་མྱུར་དུ་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས།

གཉིས་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་དེ་ཚད་གཞིར་བཟུང་ནས་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་དང་མི་འདང་ས་གང་མགྱོགས་ཀྱིས་གསབ་དགོས།

(དྲུག)ཞིང་སྡེའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཤུགས་ཚད་ཆེ་རུ་གཏོང་དགོས། “ཞིང་སྡེའི་ལམ་གྱི་བཟང་ཆ་བཞི”ཡི་དཔེ་སྟོན་གསར་འཛུགས་སྤུས་འདེགས་རྒྱ་བསྐྱེད་ལ་སྐུལ་འདེད་བྱས་ཏེ།ཞིང་ཆེན་ཁོངས་གཏོགས་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁྱབ་ཁོངས་སུ་དཔེ་སྟོན་གསར་འཛུགས་སྤེལ་མགོ་ཚུགས་དགོས། ཆ་རྐྱེན་འཛོམས་པའི་སྲིད་འཛིན་སྡེ་བའི་གཞུང་ལམ་སྲ་བསྒྱུར་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་པའི་ལས་འགན་གྲུབ་ཡོད་པའི་རྨང་གཞིའི་ཐོག མི་གྲངས་མང་པོའི་རང་བྱུང་སྡེ་བ(ཚོགས་སྐོར)སོགས་ཀྱི་གཞུང་ལམ་སྲ་བསྒྱུར་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་དགོས། སྡེ་བའི་གཞུང་ལམ་འཛུགས་སྐྲུན་དང་ཞིག་གསོ་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། སྣུམ་ཁྲལ་བཅོས་བསྒྱུར་གྱི་སྤོ་བསྒྱུར་གཏོང་སྤྲོད་ཀྱིས་ཞིང་སྡེའི་གཞུང་ལམ་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་གཞུང་ལམ་སྲོལ་ཡིག་གི་ཁྲིམས་སྲོལ་འཛུགས་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། ཞིང་སྡེའི་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དགོས། “ལྗོངས་གསུམ་ཁུལ་གསུམ”དང་ཉེ་འཁོར་སྡེ་བའི་གློག་དྲ་རིམ་སྤར་བསྒྱུར་བཀོད་ཀྱི་འགག་སྒྲོལ་འཆར་གཞི་ལེགས་འགྲུབ་བྱེད་དགོས། སྲིད་འཛིན་སྡེ་བའི་འོད་སྐུད་དྲ་རྒྱ་དང་རབས་བཞི་པའི་སྤོ་སྒུལ་འཕྲིན་གཏོང་དྲ་རྒྱའི་ཁེབས་ཚད་རྒྱ་ཁྱབ་ཏུ་འགྲོ་བ་ཕལ་ཆེར་མངོན་འགྱུར་འབྱུང་དགོས། ཞིང་སྡེའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དོ་དམ་གྱི་འགན་འཁྲི་དངོས་འབེབས་དོན་འཁྱོལ་བྱས་ནས།སྲིད་གཞུང་གིས་འགན་ལེན་འོས་པའི་འགྲོ་སོང་ཚང་མ་སྲིད་གཞུང་གི་སྔོན་རྩིས་འགྲོ་སོང་ནང་དུ་འཇོག་དགོས། སྡེ་བའི་འཆར་འགོད་བྱ་བ་ལེགས་སྒྲུབ་བྱེད་དགོས།

(བདུན།)ཞིང་སྡེའི་ཆུ་མཁོ་འདོན་ལ་འགན་སྲུང་བྱེད་པའི་ཆུ་ཚད་མཐོ་རུ་འདེགས་དགོས། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བཟོ་འགོད་ལས་འགན་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་དགོས། ཞིང་སྡེའི་འཐུང་ཆུའི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་གཅིག་གྱུར་བཀོད་སྒྲིག་བྱས་ཏེ།བལྟོས་བཅས་ཀྱིས་མི་གྲངས་གཅིག་འདུས་ཡིན་པའི་ས་ཁུལ་ནས་གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་བཟོ་འགོད་འཛུགས་སྐྲུན་བྱེད་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་དུ་གྲོང་ཁྱེར་དོ་དམ་དྲ་རྒྱ་ཞིང་སྡེར་བསྲིངས་ནས།གྲོང་ཁྱེར་དང་ཞིང་སྡེའི་ཆུ་མཁོ་འདོན་གཞི་གཅིག་ཅན་དུ་བཏང་ཆོག ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་སྟེ་དབུས་ནུབ་རྒྱུད་ས་ཁུལ་དང་། སྔར་གྱི་ཀྲུང་དབྱང་སུའུ་ཁུལ་གྱི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བཟོ་འགོད་ཞིག་གསོ་དང་སྲུང་སྐྱོང་བྱེད་པར་ཁ་གསབ་བྱེད་དགོས། ཞིང་སྡེའི་འཐུང་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས།ཆུའི་སྤུས་ཀར་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་དགོས།

(བརྒྱད།)ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་དགོས། ཞིང་སྡེའི་སྤྱོད་ཁང་གསར་བརྗེ་ལ་རིགས་དགར་སྐུལ་འདེད་བྱེད་དགོས་ལ། ཤར་རྒྱུད་ས་ཁུལ་དང་དབུས་ནུབ་རྒྱུད་ཀྱི་གྲོང་ཁྱེར་དང་དེའི་ཉེ་འདབས་ཀྱི་སྡེ་བ་སོགས་ཀྱི་རྨང་གཞི་དང་ཆ་རྐྱེན་ཡོད་པའི་ས་ཁུལ་དུ་ཞིང་སྡེའི་ཁྱིམ་ཚང་གི་གནོད་མེད་སྤྱོད་ཁང་བསྒྱུར་བཀོད་ཕལ་ཆེར་འགྲུབ་པར་བྱེད་དགོས་པ་དང་། ས་ཁུལ་གཞན་དག་ནས་ཀྱང་དངོས་ཐོག་བདེན་འཚོལ་གྱིས་དམིགས་འབེན་ལས་འགན་གཏན་འཁེལ་བྱེད་དགོས། ས་གནས་སོ་སོས་འོས་འཚམ་གྱི་ལག་རྩལ་དང་སྤྱོད་ཁང་ལེགས་བསྒྱུར་གྱི་དཔེ་དབྱིབས་རྣམ་པ་བདམས་ཏེ། སྔོན་ལ་ཚོད་ལྟ་དང་དེ་ནས་དངོས་སུ་བཀོལ་སྤྱོད་ཆོག་ན་སྔ་གཞུག་ཡོད་པའི་སྒོ་ནས་སྤེལ་དགོས། ཞིང་སྡེའི་འཚོ་བའི་གད་སྙིགས་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཏེ།རང་ས་ནས་རིགས་དགར་བ་དང་མགོ་ཁུངས་ནས་ཉུང་དུ་གཏོང་བའི་ཚོད་ལྟ་བྱེད་དགོས། ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་པའི་བྱ་བ་སྐས་རིམ་བཞིན་སྤེལ་ཏེ།ཞང་གྲོང་ཡོད་ས་དང་དཀྱིལ་སྙིང་གྲོང་སྡེ་ཡི་འཚོ་བའི་བཙོག་ཆུའི་གནད་དོན་དམིགས་སུ་བཟུང་ནས་སྔོན་ལ་ཐག་གཅོད་བྱེད་དགོས། ཞིང་སྡེའི་ཆུ་རུལ་མི་གཙང་བ་དག་ཐེར་བཅོས་སྐྱོང་བྱེད་དགོས། ཞིང་པ་མང་ཚོགས་ཀྱིས་ཞིང་སྡེའི་གཙང་སྦྲ་དང་ལྗང་བསྒྱུར་བྱ་སྤྱོད་ལ་རྒྱབ་སྐྱོར་བྱས་ནས“མཛེས་སྡུག་གི་ཁྱིམ་གཞིས”སྐྲུན་པར་སྐུལ་འདེད་བྱེད་དགོས་ཤིང་། ཆ་རྐྱེན་ཡོད་པའི་ས་ཆ་ནས་ཞིང་སྡེའི་མི་སྡོད་ཁོར་ཡུག་གི་སྤྱི་པའི་སྒྲིག་བཀོད་ཞིག་གསོ་བདག་སྐྱོང་ལ་ཁ་གསབ་བྱེད་པར་སྐུལ་མ་གཏོང་དགོས།

(དགུ།)ཞིང་སྡེའི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་དགོས།ཞང་གྲོང་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་པར་ཤུགས་སྣོན་པ་དང་།གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭའི་ཁྱབ་སྟངས་གཅིག་གྱུར་འཆར་འགོད་བྱས་ཏེ།སློབ་སྒྲུབ་ཆ་རྐྱེན་ཇེ་བཟང་དང་།སློབ་ཁྲིད་རྒྱུ་སྤུས་མཐོར་འདེགས་གཏོང་དགོས།གྲོང་གསེབ་ཀྱི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས།འོས་འགན་སློབ་གསོའི་དུས་རིམ་གྱི་དགེ་རྒན་ལ་རྫོང་གིས་དོ་དམ་དང་སློབ་གྲྭས་གདན་ཞུ་བྱེད་པ་ཁྱབ་སྤེལ་བཏང་སྟེ། འཆར་གཞི་ཡོད་པའི་སྒོ་ནས་རྫོང་མཁར་གྱི་སློབ་གྲྭའི་དགེ་རྒན་རྣམས་གྲོང་གསེབ་ཏུ་ཡོང་ནས་རོགས་ཁྲིད་བྱེད་པར་བཀོད་སྒྲིག་བྱེད་དགོས། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཡོང་སྒོའི་ཆུ་ཚད་ནི་ས་གནས་ཀྱི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ཡོང་སྒོའི་ཆུ་ཚད་ལས་མི་དམའ་བའམ་ཡང་ན་དེ་ལས་མཐོ་བའི་སྲིད་ཇུས་དངོས་འབེབས་བྱེད་པ་དང་། དགེ་རྒན་གྱི་གོ་མིང་གདན་ཞུ་བྱེད་ཚད་གྲོང་གསེབ་ཀྱི་སློབ་གྲྭའི་དགེ་རྒན་ལ་ཕྱོགས་ཞེན་བྱེད་དགོས། ཆ་རྐྱེན་དང་མཐུན་པའི་གྲོང་གསེབ་ཀྱི་སློབ་གྲྭའི་དགེ་རྒན་ནི་ས་དེ་གའི་སྲིད་གཞུང་གི་སྡོད་ཁང་འགན་སྲུང་མ་ལག་ནང་དུ་འཇོག་དགོས། ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭ་ནས་མི་འབུད་པར་སློབ་གྲྭར་ཞུགས་པར་འགན་སྲུང་བྱེད་པའི་ཆེད་དམིགས་བྱ་འགུལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། འོས་འགན་སློབ་གསོ་ཁྱབ་གདལ་དུ་བཏང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། བསླབ་གནས་འདོན་སྤྲོད་ཇེ་མང་དུ་བཏང་སྟེ།ཞིང་པ་ཞོར་ལས་པའི་རྗེས་ཁྲིད་བུ་ཕྲུག་སློབ་གྲྭར་འགྲོ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས།ཞིང་སྡེའི་སློབ་སྔོན་སློབ་གསོར་མཐོང་ཆེན་བྱེད་པ་དང་།ཐབས་ལམ་མང་པོ་སྤྱད་དེ་ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོའི་ཐོན་ཁུངས་འདོན་སྤྲོད་བྱེད་ཚད་ཇེ་མང་དུ་གཏོང་དགོས། ཞིང་སྡེའི་དམིགས་བསལ་སློབ་གསོར་ཤུགས་སྣོན་དགོས། དབུས་ནུབ་རྒྱུད་ས་ཁུལ་གྱི་ཞིང་སྡེའི་དགེ་རྒན་གྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ནུས་པ་ཤུགས་ཆེན་པོས་མཐོར་འདེགས་གཏོང་བ་དང་། དབུལ་ཕོངས་ས་ཁུལ་གྱི་སློབ་ལོ་མ་རན་པའི་བྱིས་པའི་སྤྱི་སྐད་སློབ་གསོར་ཤུགས་སྣོན་དགོས། ལས་རིགས་སློབ་གསོའི་སློབ་གྲྭས་ཞིང་སྡེ་རུ་སློབ་མ་བསྡུ་བའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ལས་རིགས་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་དགོས།

(བཅུ་པ།)ཞིང་སྡེའི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལ་ཤུགས་སྣོན་དགོས། རྫོང་རིམ་པའི་སྨན་ཁང་ལེགས་གཉེར་དང་། ཚད་ལྡན་ཅན་གྱི་ཞང་གྲོང་འཕྲོད་བསྟེན་ཁང་འཛུགས་པར་སྐུལ་འདེད་གཏོང་བ། སྡེ་བའི་འཕྲོད་བསྟེན་ཁང་བསྒྱུར་བཀོད་རིམ་སྤར་བྱེད་པ། སྨན་བཅོས་ཞབས་ཞུའི་སྟོང་ཆ་མེད་པར་བཟོ་བ་བཅས་བྱེད་དགོས།ཚགས་དམ་པའི་རྫོང་མཁར་སྨན་བཅོས་འཕྲོད་བསྟེན་གྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིང་སྡེའི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས།དངོས་གཞིའི་ཚན་ཁག་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་གསོ་རིག་སློབ་ཐོན་སློབ་མའམ་ཡང་ན་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པར་ཚད་ལྡན་ཅན་གྱི་གསོ་སྦྱོང་བྱས་ནས་ཚད་ལྡན་གྱི་ཀུན་ཐུབ་སྨན་པ་བསྡུ་བའི་གོ་རིམ་འོས་འཚམ་སྒོས་སྟབས་བདེ་བཟོ་དགོས། དབུས་ནུབ་རྒྱུད་ས་ཁུལ་དང་དཀའ་ཁག་ཆེ་བའི་མཐའ་འཁོབ་ས་ཁུལ་གྱི་གྲོང་གསེབ་ཏུ་བྱ་བ་སྒྲུབ་པར་གདན་ཞུ་བྱས་པའི་མཐོ་རིམ་གསོ་རིག་སློབ་ཐོན་སློབ་མར་སློབ་ཆེན་སྐབས་ཀྱི་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཚབ་འཇལ་བྱེད་དགོས།ས་གནས་སོ་སོས་གཞི་རིམ་འཕྲོད་བསྟེན་སྒྲིག་གཞིའི་ད་ཡོད་སྒྲིག་ཁོངས་ཀྱི་ཐོན་ཁུངས་གང་འགབ་ཅི་སྤྱོད་དང་བེད་སྤྱོད་ཡག་པོ་བྱེད་དགོས་ལ།གྲོང་རྡལ་འཕྲོད་བསྟེན་ཁང་གིས་ཆ་རྐྱེན་འཛོམས་པའི་ཞིང་སྡེའི་སྨན་པ་དམིགས་བསལ་གྱིས་གདན་ཞུ་བྱེད་ཆོག གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས།ནད་གཞི་ཚབས་ཆེན་དང་འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བ་ལེགས་སྒྲུབ་བྱེད་དགོས།ཞིང་སྡེའི་ལོ་ན་རན་པའི་བུད་མེད་ཀྱི་མངལ་སྐེའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་ཞིབ་བཤེར་བྱ་རྒྱུ་དེ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁྱབ་ཁོངས་སུ་འཇོག་དགོས།

(བཅུ་གཅིག)ཞིང་སྡེའི་སྤྱི་ཚོགས་འགན་སྲུང་ལ་ཤུགས་སྣོན་དགོས།གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལ་ནོར་སྲིད་ཀྱིས་ཁ་གསབ་དང་མི་སྒེར་གྱིས་གྲོན་དངུལ་སྤྲོད་པའི་ཚད་གཞི་འོས་འཚམ་གྱིས་ཇེ་མཐོར་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དང་། ནད་ལྕི་མོ་འགན་བཅོལ་བྱེད་པ། སྨན་བཅོས་རོགས་སྐྱོབ་བྱེད་པ་བཅས་སྒྲུབ་གཉེར་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་སྟེ། ས་གནས་རིམ་པ་དང་གྲོང་ཁྱེར་ཁྱབ་ཁོངས་སུ“ས་ཚིགས་གཅིག་ནས་ཞབས་ཞུ་བྱེད་པ་དང་། སྒེའུ་ཁུང་གཅིག་ནས་འགྲོ་ལུགས་སྒྲུབ་པ། ཤོག་བྱང་གཅིག་གིས་མཇུག་རྩིས་རྒྱག་པ”བཅས་མངོན་འགྱུར་བྱེད་དགོས། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་འགུལ་རྣམ་ཡང་དག་གནད་ཁེལ་སྒོས་དོ་དམ་བྱེད་པར་ཤུགས་བསྣན་ནས།མ་མཐའི་འཚོ་བའི་འགན་སྲུང་སོགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཆུ་ཚད་ལུགས་མཐུན་ངང་ཇེ་མཐོར་གཏོང་དགོས། ཞིང་སྡེའི་གཞིས་སྲུང་བྱིས་པ་དང་བུད་མེད། རྒན་རྒོན་བཅས་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས།ཞིང་སྡེའི་རོགས་རེས་རྣམ་པའི་རྒན་གསོ་འཕེལ་རྒྱས་གཏོང་བ་དང་། རྣམ་པ་སྣ་མང་སྤྱད་དེ་ཉིན་མོའི་ལྟ་རྟོག་ལྟེ་གནས་འཛུགས་དགོས། རང་ཉིད་ལ་བདག་བྱེད་མི་ཐུབ་པའི་ལོ་ལོན་དང་དབང་པོ་སྐྱོན་ཅན་ཚབས་ཆེན་ཅན་ལ་བདག་སྐྱོང་བྱེད་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་དགོས།

(བཅུ་གཉིས།) ཞིང་སྡེའི་སྤྱི་པའི་རིག་གནས་ཞབས་ཞུ་ལེགས་བཅོས་བྱེད་དགོས། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཞིང་སྡེ་རུ་བསྲིང་བར་སྐུལ་འདེད་བཏང་སྟེ། ཞིང་སྡེའི་རིག་གནས་དམངས་ཕན་བཟོ་འགོད་ཀྱི་ཁེབས་རྒྱ་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྱི་རིག་རྩལ་ཚོགས་པ་དང་རིག་རྩལ་ལས་གཉེར་པས་དུས་ལྟར་རིག་གནས་ཞིང་སྡེ་རུ་སྐྱེལ་བར་སྐུལ་མ་གཏོང་དགོས། ཞིང་སྡེའི་རིག་གནས་འཇོན་མི་སྐྱེད་སྲིང་བྱེད་པའི་བཟོ་འགོད་ལག་བསྟར་བྱས་ཏེ།རང་སའི་རིག་རྩལ་ཚན་ཆུང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་།ཞིང་སྡེའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་པས་དགེ་ཕྲུག་བསྡུ་ལེན་དང་སྒྱུ་རྩལ་བརྒྱུད་སྤེལ་བྱེད་པར་རོགས་སྐྱོར་བྱེད་དགོས།ཕུལ་བྱུང་གི་ཟློས་གར་དང་གཞས་མ་གཏམ། གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་དམངས་ཁྲོད་རིག་གནས་བཅས་འཕེལ་རྒྱས་གཏོང་དགོས། ལོ་རྒྱུས་རིག་གནས་ལྡན་པའི་གྲོང་རྡལ(སྡེ་བ)གྲགས་ཅན་དང་། སྲོལ་རྒྱུན་སྡེ་བ།མི་རིགས་སྡེ་བ།སྲོལ་རྒྱུན་ཨར་ལས།ཞིང་ལས་རིག་གནས་ཀྱི་ཤུལ་བཞག གནའ་བོའི་ཤིང་སྡོང་དང་ཤིང་སྡོང་མིང་གྲགས་ཅན་སོགས་སྲུང་སྐྱོབ་ལེགས་པོ་བྱེད་དགོས། “ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བ་དང་འབྱོར་འབྲིང་བསུ་བ”བརྗོད་གཞི་ཡིན་པའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལེགས་སྒྲུབ་བྱེད་དགོས།

(བཅུ་གསུམ།) ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ།གསོ་སྤེལ་ར་བ་ཆེ་གྲས་ཀྱི་བྲུན་ལུད་བཅོས་སྐྱོང་སྒྲིག་བཀོད་འཛུགས་སྐྲུན་ཕལ་ཆེར་ལེགས་འགྲུབ་བྱེད་དགོས། ཞིང་སྨན་དང་ལུད་རྫས་ཉུང་འཕྲི་བྱེད་པའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ། ཞིང་སྤྱོད་འགྱིག་ཤོག་གི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་ཁོངས་གལ་ཆེན་དུ་རྒྱུན་པར་ཉ་འཛིན་པ་བཀག་འགོག་བྱེད་པ་དང་། ཉ་པས་ཉ་འཛིན་པའི་ལས་སྤང་བའི་བྱ་བ་ལེགས་སྒྲུབ་བྱེད་དགོས། ས་ནག་སྲུང་སྐྱོང་བྱེད་པར་བཅོས་སྐྱོང་ནུས་ལྡན་བྱེད་སྟངས་ཁྱབ་གདལ་དུ་གཏོང་བ་དང་། ཡུར་བུ་ཤུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ། ཤར་བྱང་ས་ཁུལ་གྱི་ས་ནག་ལ་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་བྱེད་པའི་འཆར་གཞི་ལག་བསྟར་བྱེད་མགོ་རྩོམ་དགོས། ཞིང་སྤྱོད་ས་ཞིང་གི་ས་རྒྱུའི་སྦགས་བཙོག་ལ་དོ་དམ་ཚོད་འཛིན་དང་ཉམས་གསོ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཧྭ་པེ་ས་ཁུལ་གྱི་ས་འོག་གི་ཆུ་ཚད་ལས་བརྒལ་ནས་སྔོག་འདོན་བྱེད་པར་མུ་མཐུད་དུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས། ཞིང་སྡེའི་ཆུ་རྒྱུད་ལ་ཕྱོགས་བསྡུས་བཅོས་སྐྱོང་གི་ཚོད་ལྟ་བྱེད་མགོ་རྩོམ་དགོས།