ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་གྱི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན། ཞིང་ཆེན་ཞིབ་དཔྱོད་ཁང་གིས་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་གྱི་ཚོགས་འདུ་བསྐོངས་པ་རེད། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཞིབ་དཔྱོད་དཔོན་མོང་ཡུང་ཧྲན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་རེད།

 ཚོགས་འདུའི་ཐོག 2019ལོར་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་འདུ་ཤེས་ཟམ་མི་ཆད་པར་བསྒྱུར་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བར་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་།ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་སྔར་བས་གཏིང་ཟབ་དང་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་བྱ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད། 2020ལོར་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཁྲིམས་སྐྱོང་གི་རང་རྟོགས། ཞིབ་དཔྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་། ཆེས་མཐོའི་ཞིབ་དཔྱོད་ཁང་། ཞིང་ཆེན་ཨུ་ལྷན་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། “ཞིབ་དཔྱོད་ཆེན་པོ་བཞི”དང“ལས་སྒོ་ཆེན་པོ་བཅུ”ཕྱོགས་ཡོངས་ནས་མཐུན་སྦྱོར་དང་འཕེལ་རྒྱས་གང་ལེགས་ཡོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་མཚོ་སྔོན་གྱི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། ཞིང་ཆེན་ཨུ་ལྷན་གྱི“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཞིབ་དཔྱོད་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།

 ཚོགས་འདུས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དེ་བཞིན་ཀྲུང་དབྱང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཅིག་ནས་ཞིབ་དཔྱོད་ལས་སྒོའི་བྱ་བ་ཁག་ལ་དམ་འཛིན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་འཚེ་བཟོ་བའི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་ཀྱི་གྱོད་གཞི་བདག་སྤྲོད་དང་ཞུ་གཏུག་རྒྱུ་མཚན་ཞུ་འབུལ་སོགས་ཀྱི་བྱ་བ་ནན་ཏན་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་འགྱུར་ལྡོག་གཞིར་བཟུང་སྟེ་དུས་ཐོག་ཏུ་བྱ་བ་བྱེད་སྟངས་ལེགས་སྒྲིག་བྱ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་དང་ལྷག་པར་དུ་རང་རེའི་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་སྟེ། “འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་རྒྱག་རྒྱུར་ཞབས་ཞུ་འགན་སྲུང་བྱ་དགོས། འདུ་ཤེས་བསྒྱུར་ཏེ་རང་ཞིང་གི་ཞིབ་དཔྱོད་བྱ་བ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད། ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ནས་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་བྱ་དགོས་ཞེས་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།