རིམས་ནད་འགོག་སེལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས། ལེའུ་བདུན་པ། འགན་སྲུང་བྱེད་སྟངས་སྐོར།

དོན་ཚན་ང་དགུ་པ། རྒྱལ་ཁབ་ཀྱིས་རིམས་ནད་འགོག་སེལ་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་དུ་བཙུད་རྒྱུ་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རིམས་ནད་འགོག་སེལ་ལས་དོན་དེ་རང་ངོས་སྲིད་འཛིན་ས་ཁོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་དུ་བཙུད་རྒྱུ།

དོན་ཚན་དྲུག་ཅུ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རིམ་པ་དེ་གའི་སྲིད་གཞུང་གི་འགན་འཁྲི་བཞིན་རང་ངོས་སྲིད་འཛིན་ས་ཁོངས་ནང་གི་རིམས་ནད་སྔོན་འགོག་དང་། ཚོད་འཛིན། ལྟ་སྐུལ་བཅས་ཀྱི་ལས་དོན་གྱི་འཆར་ཅན་འགྲོ་གྲོན་གཏོང་འགན་འཁུར་རྒྱུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་རིམས་ནད་མཆེད་ཚུལ་ལ་གཞིགས་ནས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་། ཚོད་འཛིན། འགོག་བཅོས། ལྟ་སྐུལ་ཚོད་ལེན། སྔོན་དཔག ཉེན་བརྡ། ལྟ་སྐུལ་ཞིབ་བཤེར་ལ་སོགས་པའི་རྣམ་གྲངས་གཏན་ཁེལ་བྱ་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱིས་དཀའ་ངལ་ཆེ་བའི་ས་ཁུལ་ལ་རིམས་ནད་འགོག་སེལ་གྱི་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་བར་ཁ་གསབ་རོགས་དངུལ་སྤྲོད་རྒྱུ།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རང་ངོས་སྲིད་འཛིན་ས་ཁོངས་ནང་ཁུལ་དུ་རིམས་ནད་མཆེད་ཚུལ་ལ་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་གཏན་ལ་ཕབ་པའི་རྣམ་གྲངས་ཀྱི་ཁྱབ་ཁོངས་སུ་རིམས་ནད་སྔོན་འགོག་དང་། ཚོད་འཛིན། ལྟ་སྐུལ་ལ་སོགས་པའི་རྣམ་གྲངས་གཏན་ཁེལ་བྱ་རྒྱུ་མ་ཟད། རྣམ་གྲངས་ལག་བསྟར་འགྲོ་གྲོན་འགན་ལེན་བྱ་རྒྱུ།

དོན་ཚན་རེ་གཅིག་པ། རྒྱལ་ཁབ་ཀྱིས་གཞི་རིམ་གྱི་རིམས་ནད་འགོག་སེལ་མ་ལག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དབུལ་ཕོངས་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་རིམས་ནད་འགོག་སེལ་གྱི་ལས་དོན་ལ་རོགས་སྐྱོར་བྱ་རྒྱུ།

ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གྲོང་ཁྱེར་གྱི་འདུས་སྡེའི་ཁུལ་དང་། གྲོང་གསེབ་གཞི་རིམ་གྱི་རིམས་ནད་སྔོན་འགོག་ལས་དོན་གྱི་འགྲོ་གྲོན་འགན་ལེན་བྱེད་དགོས།

དོན་ཚན་རེ་གཉིས་པ། རྒྱལ་ཁབ་ཀྱིས་དམིགས་བསལ་གྱི་རིམས་ནད་ཕོག་པའི་དཀའ་ངལ་ཆེ་བའི་མི་ཚོགས་ལ་སྨན་བཅོས་ཀྱི་སྐྱོབ་རོགས་བྱས་ནས་སྨན་བཅོས་ཀྱི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ། བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནོར་སྲིད་སྡེ་ཁག་སོགས་པའི་སྡེ་ཁག་དང་ལྷན་དུ་གཏན་འབེབས་བྱ་རྒྱུ།

དོན་ཚན་རེ་གསུམ་པ། མཁོ་དུས་སྤྱོད་བདེ་ཡོང་ཕྱིར། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིམས་ནད་འགོག་སེལ་གྱི་སྨན་རྫས་དང་། སྨན་བཅོས་ཡོ་བྱད། དངོས་རྫས་གཞན་དག་བཅས་པ་གསོག་འཇོག་བྱེད་འགན་འཁུར་རྒྱུ།

དོན་ཚན་རེ་བཞི་པ། རིམས་ནད་སྔོན་འགོག་དང་། སྨན་བཅོས། ཚན་ཞིབ། སློབ་ཁྲིད། རིམས་ནད་བྱུང་སར་སྨན་བཅོས་བཅས་བྱེད་མི་དང་། དེ་བཞིན་ཐོན་སྐྱེད་དང་ལས་སྒྲུབ་ཁྲོད་དུ་རིམས་ནད་ཀྱི་ནད་སློང་དུག་གཞི་དང་རེག་ཐུག་ཉེ་བཅར་བྱེད་པའི་མི་སྣ་གཞན་དག་བཅས་ལ། འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་གཏན་འབེབས་ལ་གཞིགས་ནས་ཕན་ནུས་ལྡན་པའི་འཕྲོད་བསྟེན་འགོག་སྲུང་བྱེད་ཐབས་དང་སྨན་བཅོས་ལུས་གསོའི་བྱེད་ཐབས་སྤྱོད་རྒྱུ་མ་ཟད། འཚོ་བའི་རོགས་དངུལ་འོས་འཚམས་ཀྱང་སྤྲོད་རྒྱུ།