ཅིའི་ཕྱིར་གྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་དམིགས་བསལ་གྱིས་རོགས་སྐྱོར་དང་བདག་སྐྱོང་བྱེད་དགོས་པ་ཡིན།

ད་ལྟའི་དུས་རིམ་འདིའི་ནང་རང་རྒྱལ་གྱི་མི་རིགས་གནད་དོན་དེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཐོག་ཅུང་གཅིག་སྡུད་ཀྱིས་མཚོན་ཡོད། འདི་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་སྟེ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་བར་གྱི་འགལ་བ་དེ་མི་རིགས་ཀྱི་གནད་དོན་ཐོག་ཏུ་གཅིག་བསྡུས་སུ་མངོན་པ་ཞིག་རེད། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཡོང་བར་དམིགས་བསལ་གྱི་རོགས་སྐྱོར་དང་ལྟ་སྐྱོང་བྱེད་པ་ལ་ཧུར་བརྩོན་གྱིས་ཆ་རྐྱེན་བཟང་པོ་བསྐྲུན་པ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ལས་དོན་ཁག་མགྱོགས་པོར་འཕེལ་རྒྱས་གཏོང་ནས་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱ་དགོས། བྱེད་སྟངས་དེ་རང་རྒྱལ་གྱི་གནས་ཚུལ་དང་མི་རིགས་ས་ཁུལ་གྱི་དོན་དངོས་གནས་ཚུལ་དང་མཐུན་ཞིང་། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ཐག་གཅོད་བྱེད་པའི་ལྡོག་མེད་བླང་བྱ་ཡང་ཡིན།

གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཡོང་བར་དམིགས་བསལ་དུ་རོགས་སྐྱོར་དང་ལྟ་སྐྱོང་བྱེད་པ་ནི་མི་རིགས་འདྲ་མཉམ་ཡོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཡིན་པ་རེད། དེ་ཡང་ལོ་རྒྱུས་དང་། རང་བྱུང་སོགས་ཀྱི་རྒྱུ་རྐྱེན་དང་། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བ། དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་འཕེལ་རྒྱས་ཧ་ཅང་རྗེས་ལུས་ཡིན་པས། དེང་རབས་ཀྱི་སློབ་གསོ། དེང་རབས་ཀྱི་སྨན་བཅོས་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ཞན་པ་རེད། ས་ཁུལ་ཁག་ཅིག་ད་དུང་“ མེས་སྲེག་གྲིས་འདེབས་” ཀྱི་གདོད་མའི་གནས་སུ་ལུས་ཡོད་པ་དང་ས་ཁུལ་ཁག་ཅིག་ཏུ་ལྕགས་རིགས་ཀྱི་ཡོ་བྱད་ཁྱབ་གདལ་བྱུང་མེད། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་སྤྱི་དང་ལྷག་པར་དུ་རྒྱ་ཆེའི་རི་ཁུལ་དང་མྱ་ངམ་གྱི་ཐང་དུ་འཚོ་བའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ལྟོ་གོས་ཀྱིས་མི་འདང་བ་དང་མི་མང་པོ་ཞིག་གིས་རི་སྐྱེས་ཤིང་ཏོག་ཟོས་ནས་ལྟོ་བ་འགྲང་ཐབས་དང་གྲང་ངར་འགོག་ཐབས་བྱེད་པ་བཅས་འཚོ་བར་དཀའ་ངལ་ཧ་ཅང་ཆེ། གྲངས་ཉུང་མི་རིགས་འཕེལ་རྒྱས་ཡོང་བར་བཀག་འགོག་ཧ་ཅང་ཚབས་ཆེན་པོ་ཕྲད་ཅིང་གྲངས་ཉུང་མི་རིགས་ལ་ལ་རིགས་རྒྱུན་ཆད་ལ་ཉེ་བར་གྱུར། ལོ་རྒྱུས་ཀྱིས་ཤུལ་དུ་བསྐྱུར་བའི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་དགོས་ཚེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱིས་དཀའ་སྤྱད་འབད་འཐབ་དང་། རང་སྟོབས་རང་སྤེལ་དགོས་ལ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་དར་རྒྱས་ཆེ་བའི་ས་ཁུལ་གྱི་རྒྱབ་སྐྱོར་རོགས་རམ་ཡང་བྱེད་དགོས། ཏང་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་རྗེས་ལུས་རྣམ་པ་སྒྱུར་བར་རོགས་རམ་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད་པ་དང་། དཔལ་འབྱོར་དར་རྒྱས་ཆེ་བའི་མི་རིགས་ཁག་གིས་དཔལ་འབྱོར་རྗེས་ལུས་ཐེབས་པའི་མི་རིགས་ལ་རོགས་རམ་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད། དེར་བརྟེན་ནས་ཁོ་ཚོ་ལ་བཅའ་ཁྲིམས་ཀྱི་གཏན་འབེབས་བྱས་པའི་འདྲ་མཉམ་གྱི་ཁེ་དབང་མངོན་འགྱུར་ཡོང་དགོས། དེ་ལྟར་མ་བྱས་ན་མངོན་སུམ་འཚོ་བའི་ཁྲོད་གནས་པའི་ཧེ་བག་སྣ་ཚོགས་ཐག་གཅོད་བྱེད་ཐབས་བྲལ་བ་དང་། མིང་དོན་མཚུངས་པའི་མངོན་སུམ་གྱི་མི་རིགས་འདྲ་མཉམ་ཡོང་ཐབས་བྲལ་བ་རེད། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཡོང་བར་དམིགས་བསལ་དུ་རོགས་སྐྱོར་དང་ལྟ་སྐྱོང་བྱེད་པ་དེ་མི་རིགས་འདྲ་མཉམ་གྱི་རྩ་དོན་དང་འགལ་མེད་པ་མ་ཟད། ཏག་ཏག་མི་རིགས་འདྲ་མཉམ་ཡོང་བའི་ཟློག་མེད་བླང་བྱ་མངོན་དུ་གྱུར་པ་རེད།

གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཡོང་བར་དམིགས་བསལ་དུ་རོགས་སྐྱོར་དང་ལྟ་སྐྱོང་བྱེད་པ་ནི་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བླང་བྱ་ཁ་ཚ་དགོས་གཏུག་ཅིག་ཡིན། ཧུའུ་ཅིན་ཐའོ་ཡིས་བསྟན་དོན། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་རླབས་ཆེན་དེ་མངོན་འགྱུར་བྱ་དགོས་ན་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་མངོན་འགྱུར་སྔར་ལས་ལེགས་པར་བྱ་དགོས། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་གཙོ་གནད་མི་རིགས་ས་ཁུལ་ཡིན་ལ་དཀའ་གནད་ཀྱང་མི་རིགས་ས་ཁུལ་ཡིན། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དེ་རང་རྒྱལ་གྱིས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཧྲིལ་པོར་ཐད་ཀར་འབྲེལ་བ་ཡོད། མི་རིགས་ས་ཁུལ་གྱི་འབྱོར་འབྲིང་མེད་ན་རྒྱལ་ཡོངས་ཀྱི་འབྱོར་འབྲིང་མེད་ལ། མི་རིགས་ས་ཁུལ་གྱི་དེང་རབས་ཅན་མེད་ན་རྒྱལ་ཡོངས་ཀྱི་དེང་རབས་ཅན་མངོན་འགྱུར་བྱུང་མེད། མི་རིགས་56པོའི་ཐུན་མོང་གི་དར་རྒྱས་མེད་ན་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཐབས་བྲལ། དེས་ན་ངེས་པར་དུ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཐབས་བརྒྱ་ཇུས་སྟོང་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མྱུར་དུ་གཏོང་དགོས་ལ། བརྩོན་པ་ཆེན་པོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཐུན་མོང་ཐོག་ཕྱུག་པོར་སྔ་ཙམ་མངོན་འགྱུར་ཡོང་བ་དང་། སྤྱི་ཡོངས་ནས་ངེས་པ་དོན་གྱི་འབྱོར་འབྲིང་སྤྱི་ཚོགས་ཡོང་ཐུབ་པ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།

གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཡོང་བར་དམིགས་བསལ་དུ་རོགས་སྐྱོར་དང་ལྟ་སྐྱོང་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་པར་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་བྱེད་ཕྱོགས་ཤིག་རེད། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུ་དེ་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད། རིང་མོ་ནས་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་གནད་དོན་ཐག་གཅོད་སྐབས། ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། ཐུན་མོང་ཐོག་དར་རྒྱས་ཡོང་བའི་རྩ་དོན་རྒྱུན་འཁྱོངས་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཧུར་ཐག་ངང་རོགས་སྐྱོར་དང་ལྟ་སྐྱོང་བྱེད་པ་བཅས་ཀྱིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་། སྤྱི་ཚོགས་ཡར་ཐོན་དང་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་། མེས་རྒྱལ་གྱི་མཐའ་མཚམས་སྲ་བརྟན་བཅས་ལ་སྐུལ་འདེད་ནུས་ལྡན་ཐེབས་པས། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་སྙིང་དབུས་ནས་བརྩི་བཀུར་དང་། མི་རིགས་ཁག་གི་མེས་རྒྱལ་གོང་བུར་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས་ཆེ་རུ་ཆེ་རུ་ཕྱིན་པ་དང་། མི་རིགས་ཁག་གི་མི་དམངས་རྣམས་ཏང་ལ་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གྱུར། བྱེད་ཐབས་འདི་ནི་ང་ཚོས་མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ་མཆོག་ནོར་ཞིག་ཀྱང་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད་པས་ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱས་ཏེ་གཡོ་འགུལ་སྤུ་ཙམ་ཡང་བྱེད་མི་རུང་།

ལོ་ཙཱ་བ།རྟ་མགྲིན་དཔལ།