ཅིའི་ཕྱིར་མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཆེས་མཐོའི་ཁེ་ཕན་ཡིན་ཟེར་རམ།

ལོ་ངོ་སྟོང་ཕྲག་འགའི་རིང་གི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོའི་ཁྲོད་རང་རྒྱལ་གྱི་མི་རིགས་ཁག་གིས་སྐྱིད་སྡུག་མཉམ་མྱོང་དང་། ཕན་ཚུན་བརྟེན་གནས་ཀྱི་འབྲེལ་བ་ཟབ་མོ་འཕེལ་རྒྱས་གཏོང་པ་དང་། རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་གྲུབ་པ་དང་། ཐུན་མོང་དུ་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་བསྐྲུན་པ་རེད། རྒྱལ་ཁབ་གཅིག་གྱུར་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ལོ་རྒྱུས་གོང་དུ་འཕེལ་བའི་འཕེལ་ཕྱོགས་གཙོ་བོ་ཡིན་ལ། མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་མཐོ་ཤོས་ཡིན། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་བུ་དང་བུ་མོའི་བླ་ན་མེད་པའི་འགན་འཁྲི་ཡང་ཡིན།

མེས་རྒྱལ་གཅིག་གྱུར་ནི་རྒྱལ་ཁབ་དར་རྒྱས་སྟོབས་ལྡན་དུ་འགྱུར་བའི་རྩ་བའི་སྔོན་འགྲོ་ཆ་རྐྱེན་ཡིན་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ནི་ངེས་པར་དུ་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་ལ། སྟོབས་དང་ལྡན་པའི་མི་རིགས་ནི་ངེས་པར་དུ་གཅིག་གྱུར་གྱི་མི་རིགས་ཤིག་ཡིན། ཁ་ཐོར་དགུ་ཐོར་དུ་གྱུར་པ་ཡིན་ན་འཛམ་གླིང་གི་སྔོན་ཐོན་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འགྱུར་དཀའ་བས་དེ་ནི་བྱེ་ཕུང་ནང་བཞིན་འཛམ་གླིང་གི་སྔོན་ཐོན་མི་རིགས་ཀྱི་གྲས་སུ་འཚུད་རྒྱུའི་རེ་བ་རྩ་བ་ནས་མེད། ཀྲུང་གོའི་ལོ་རྒྱུས་ཐོག་རྒྱལ་ཤུགས་སྟོབས་ལྡན་དང་། དཔལ་འབྱོར་འཕེལ་རྒྱས། རིག་གནས་གོང་འཕེལ་བཅས་ཀྱི་དུས་སྐབས་སུ་རྒྱལ་ཁབ་གཅིག་གྱུར་མིན་པ་ཞིག་བྱུང་མྱོང་མེད། ཧན་ནུབ་མའི་ཝུན་ཅིན་སྲིད་སྐྱོང་དང་། ཐང་རྒྱལ་རབས་ཀྱི་ཀྲེན་ཀོན་སྲིད་སྐྱོང་། མན་ཆིན་རྒྱལ་རབས་ཀྱི་གོང་མ་ཁང་ཞི་དང་ཆན་ལུང་གི་དར་རྒྱས་ཆེ་བའི་དུས་སྐབས་བཅས་ཚང་མ་རྒྱལ་ཁབ་གཅིག་གྱུར་དང་། སྤྱི་ཚོགས་བདེ་འཇགས་ཡིན་པའི་གནས་ཚུལ་འོག་བྱུང་བ་རེད། ཀྲུང་གོ་གསར་བ་བཙུགས་ཚུན་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ཀྲུང་གོའི་ཕྱོགས་བསྡུས་རྒྱལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་གོ་བབ་སྔ་ལས་ཇེ་མཐོར་སོང་། མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཐད་རྒྱ་ཆེ་ལ་ཡིད་དུ་འོངས་པའི་མདུན་ལྗོངས་བཤམས་ཡོད།

མེས་རྒྱལ་གོང་བུར་གཅིག་གྱུར་ནི་མི་རིགས་ཁག་དར་རྒྱས་གོང་འཕེལ་ཡོང་བའི་འགན་སྲུང་གལ་ཆེན་ཡིན། རྒྱལ་ཁབ་གཅིག་གྱུར་གྱིས་མི་རིགས་ཁག་གི་ཡར་རྒྱས་གོང་འཕེལ་དང་བརྟན་ལྷིང་གི་སྤྱི་ཚོགས་ཆབ་སྲིད་ཁོར་ཡུག་ཅིག་མཁོ་འདོན་བྱས་པ་དང་། མི་རིགས་ཁག་བར་གྱི་དཔལ་འབྱོར་རིག་གནས་ཀྱི་འབྲེལ་བ་དམ་ཟབ་ཏུ་བཏང་ཞིང་། མི་རིགས་ཁག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བར་གནས་པའི་གྲངས་ཉུང་མི་རིགས་ཁག་དམངས་གཙོའི་བཅོས་བསྒྱུར་དང་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་བྱས་པ་བརྒྱུད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་བསྐྱོད་པ་རེད། མི་རིགས་ཁག་བར་དཔལ་འབྱོར་དང་རིག་གནས་ཐད་འབྲེལ་བ་སྔར་བས་དམ་ཟབ་ཕྱིན་པ་དང་། སྤེལ་རེས་སྔར་བས་མང་དུ་གྱུར་པ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་སྐུལ་འདེད་བཏང་ཞིང་། ཐུན་མོང་ཐོག་དར་རྒྱས་དང་གོང་འཕེལ་བྱུང་ཡོད། མི་རིགས་ཁག་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་ཐད་ནས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ། འཛམ་གླིང་གི་མི་རྣམས་ཧ་ལས་པའི་གྲུབ་འབྲས་བླངས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསོན་ཤུགས་རབ་ཏུ་རྒྱས་པར་གྱུར།

མེས་རྒྱལ་གོང་བུ་གཅིག་གྱུར་ནི་མི་རིགས་ཁག་གི་བདེ་སྐྱིད་ལྡན་པའི་འཚོ་བའི་འཛད་མེད་ཀྱི་འབྱུང་ཁུངས་ཡིན། མེས་རྒྱལ་ནི་མི་རིགས་ཁག་གི་ལུས་རྟེན་ས་དང་སེམས་ཆགས་ས་ཡིན་ལ། མི་རིགས་ཁག་མཉམ་དུ་འཚོ་བ་རོལ་སའི་ཁྱིམ་གཞི་དྲོན་མོ་ཡིན། མེས་རྒྱལ་ནི་མ་ཡུམ་དང་འདྲ་བར་མི་རིགས་ཁག་ལ་ཟས་གོས་ཀྱི་དགོས་མཁོ་བསྐངས་ཏེ། ཁོ་ཚོའི་ལྟོགས་གྲང་གི་སྡུག་བསྔལ་སེལ། མི་རིགས་ཁག་གི་དཀའ་སྡུག་བསལ་ཏེ། ཁོ་ཚོར་བཟོད་གླགས་མེད་པའི་སྡུག་བསྔལ་མྱོང་མི་དགོས་པར་བྱས། མེས་རྒྱལ་གོང་བུ་གཅིག་གྱུར་བྱུང་བ་ནི་མི་རིགས་ཁག་གི་བདེ་སྐྱིད་ཡིན་ལ། མེས་རྒྱལ་ཁ་ཕྲལ་གཏོང་བ་ནི་མི་རིགས་ཁག་གི་ཆག་སྒོ་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པ་དེས་རྒྱལ་ཁབ་གཅིག་གྱུར་ཚད་མཐོན་པོ་མངོན་འགྱུར་བྱུང་ཞིང་། མི་རིགས་ཁག་གི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་འཚོ་བ་གསར་པའི་འགོ་བརྩམས་པ་རེད། བསྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་བསྟུད་མར་བྱས་པ་བརྒྱུད་ནས། མི་དམངས་ཀྱི་འཚོ་བ་དེ་ལྟོ་གོས་མི་འཛོམས་པ་ནས་སྤྱི་ཡོངས་འབྱོར་འབྲིང་ལ་ཐོན་པའི་བར་བརྒལ་ཆེན་པོ་བྱུང་ཞིང་། མི་རིགས་ཁག་གི་མི་དམངས་རྣམས་འབྱོར་ཕྱུག་བདེ་སྐྱིད་ལྡན་པའི་ལན་དུ་གོམ་སྟབས་བརྟན་པོས་ཕྱིན་པ་རེད།

མེས་རྒྱལ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་ཆོས་ཉིད་ལྡོག་མེད་ཅིག་ཡིན་ལ། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་ཐུན་མོང་གི་རེ་སྨོན་ཡང་ཡིན། མེས་རྒྱལ་ཁ་ཕྲལ་གཏོང་བའི་ཆབ་སྲིད་ཀྱི་རེ་ངན་ཐམས་ཅད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། མི་སུ་འདྲ་ཞིག་གིས་མིང་གང་འདྲ་ཞིག་གི་ཐོག་ནས་རྣམ་པ་ཅི་འདྲ་ཞིག་སྤྱད་དེ་མི་རིགས་ཁ་ཕྲལ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་གནོད་འཚེ་ཡོད་པའི་བྱ་བ་གཏན་ནས་བསྒྲུབ་མི་ཆོག རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་སྤུན་ཟླ་རྣམ་པས་མཐུན་སྒྲིལ་དམ་ཟབ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ན། མེས་རྒྱལ་གཅིག་གྱུར་གྱི་རླབས་ཆེན་བྱ་གཞག་མངོན་གྱུར་བྱེད་ཐུབ་ངེས་ཡིན།

རྟ་མགྲིན་དཔལ་གྱིས་བསྒྱུར།