ན་གོར་མོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་མཁན་ཁེ་ལས་ཀྱི་མེ་ཟོན་བདེ་འཇགས་འགན་ལེན་བྱས་པ།

རང་རེའི་དྲ་བའི་འཕྲིན།  ཉིན་འདི་གར་བསྟུད་མར་གོར་མོ་མེ་ཟོན་ཉིང་ལག་རུ་ཁག་གིས་ཞིབ་བཤེར་ཚོ་ཆུང་སྐོང་འཛུགས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ལས་འགོ་བསྐྱར་ཚུགས་ཁེ་ལས་སུ་བསྐྱོད་དེ་མེ་ཟོན་ལྟ་སྐུལ་ཞིབ་བཤེར་དང་ལས་སྒོའི་མཛུབ་ཁྲིད་བྱ་བ་སྤེལ་ནས་ལས་འགོ་བསྐྱར་ཚུགས་ཁེ་ལས་ཀྱི་མེ་ཟོན་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད། 

ཞིབ་བཤེར་ཚོགས་ཆུང་གིས་སྔ་རྗེས་སུ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་། ཐོན་རྫས་གསོག་ཉར་བྱེད་སྟངས། ཉེན་ཆེའི་རྫས་འགྱུར་དངོས་རྫས་གསོག་ཉར་སོགས་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་། ཁེ་ལས་ཀྱི་མེ་ཟོན་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། མེ་ཟོན་བདེ་འཇགས་དོ་དམ་ལམ་ལུགས་བཟོ་བ། མེ་ཟོན་སྒྲིག་བཀོད་འཁོར་སྐྱོད་དང་སྲུང་སྐྱོང་། མེ་ཟོན་ས་ཚིགས་ཆུང་ངུ་འཛུགས་སྐྲུན། མེ་ཟོན་ཚོད་འཛིན་ཁང་གི་མི་སྣའི་ལས་རེས་གནས་ཚུལ། ཁ་འགྲེམས་བགྲོད་ལམ་དང་བདེ་འཇགས་ཐོན་སྒོ། ཐོན་སྐྱེད་མེ་དང་གློག་སྤྱོད་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་ཞིབ་ཕྲ་བྱས་པ་དང་། ལས་བཟོ་པས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁོང་དུ་ཆུད་ཚུལ་དང་གློ་བུར་དོན་རྐྱེན་ཐག་གཅོད་ཀྱི་བརྒྱུད་རིམ་བཀའ་འདྲི་བྱས་པ་རེད། རིམས་ནད་འགོག་ཟོན་ལ་དམིགས་ནས་ཚད་མཐོ་བའི་ཆང་རྩི་དང་དུག་སེལ་གཤེར་ཁུ་སོགས་འབར་སླ་བའི་དངོས་རྫས་ཉར་ཚགས་དང་བེད་སྤྱོད་བྱས་པར། ཞིབ་བཤེར་ཚོགས་ཆུང་གིས་ཡུལ་དངོས་སུ་བདེ་འཇགས་དྲན་སྐུལ་བྱས་ནས་མེ་སྐྱོན་ལས་འཛོལ་ཐོན་རྒྱུ་ནན་འགོག་བྱས་པ་རེད། 

ཁེ་ལས་ཀྱི་མེ་ཟོན་བདེ་འཇགས་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་རྒྱག་རྒྱུའི་ཐད་ཞིབ་བཤེར་ཚོ་ཆུང་གིས་ཁེ་ལས་ཁག་ལ་མེ་ཟོན་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། མེ་ཟོན་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཇེ་ཚང་དུ་གཏང་བ། ཁེ་ལས་ནང་ཁུལ་གྱི་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། མེ་སྐྱོན་སྔོན་འགོག་གི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པ། འཕྲལ་སྡོམ་སྔོན་ཇུས་མ་ལག་འཐུས་ཇེ་ཚང་དུ་གཏང་བ། གཙོ་གནད་ས་ཁོངས་དང་གཙོ་གནད་ཁུལ་གྱི་མེ་ཟོན་སྐོར་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སླད་ཕྱིན་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་བླང་བྱ་བཏོན་པ་རེད།