མཚོ་ནུབ་ཀྱིས་གསོ་སྤེལ་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་ནད་འགོག་ཟོན་བྱ་བ་ཡག་པོར་བསྒྲུབས་པ།

རང་རེའི་དྲ་བའི་འཕྲིན།   ད་སྔའི་ཏོག་གསར་གློ་ཚད་འགོག་ཟོན་དང་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་འགོག་ཟོན་བྱ་བ་ཡག་པོར་བསྒྲུབ་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཞིང་འབྲོག་སྡེ་ཚན་གྱིས་རང་འགུལ་ངང་ལས་གནས་སུ་ཞུགས་པ་དང་། མགྱོགས་མྱུར་ངང་ལེག་ལེན་བྱས་ནས་གཞི་ཁྱོན་ལྡན་པའི་གསོ་སྤེལ་་ར་བར་རིམས་ནད་འགོག་ཟོན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱས་པ་རེད། 

རིམས་ནད་འགོག་ཟོན་གྱི་བཀག་འགོག་དམག་འཐབ་འགོ་ཚུགས་པ་ནས་བཟུང་། མཚོ་ནུབ་ཁུལ་གྱི་རིམ་ཁག་ཞིང་འབྲོག་སྡེ་ཚན་གྱིས་ཁུལ་ནང་ཁུལ་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ104ལ་གྲལ་བཤེར་དུག་སེལ་བྱས་པ་དང་། གཞི་ཁྱོན་ཆེ་བའི་གསོ་སྤེལ་ར་བ་སྣ་ཚོགས་ཀྱིས་གསོ་སྤེལ་་དང་། དེ་བཞིན་ཐོན་སྐྱེད་ཁུལ་དུ་འགྲོ་འོང་བྱེད་མཁན་མི་སྣ་དང་། རླངས་འཁོར། དངོས་ཟོག་སོགས་དུག་སེལ་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས“ཕར་འགྲོ་ཚེ་ངེས་པར་དུ་དུག་སེལ་དང་། ཕར་ཐོན་ཚེ་ངེས་པར་དུ་དུག་སེལ་བཟོ་བ། ཕྱིར་ལོག་ཚེ་ངེས་པར་དུ་དུག་སེལ་བཟོ་བ”བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

གསོ་ཚགས་ཁེ་ལས་ལ་འགོག་ཟོན་གྱི་བྱ་བ་ཡག་པོ་བསྒྲུབ་རྒྱུར་རོགས་རམ་བྱ་ཆེད། མཚོ་ནུབ་ཁུལ་ཞིང་འབྲོག་ཅུའུ་ཡིས་རིགས་ཁག་གི་འབྲེལ་ཡོད་འགོག་སྲུང་འཕྲལ་སྡོམ་དངོས་ཟོག་མཐུན་སྦྱོར་ཧུར་ཐག་བྱས་པ་དང་འབྲེལ་དུས་ཐོག་ཏུ་སྤྲད་པ་རེད། དེ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་རིམ་ཁག་ཞིང་འབྲོག་སྡེ་ཚན་གྱིས་ཆུ་ཚོད24ཡི་ལས་རེས་ལམ་ལུགས་དང་སྲོག་ཆགས་ཀྱི་རིམས་ནད་འགོག་ཟོན་ཉིན་མོའི་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་པ་རེད། ད་ཆའི་བར་མཚོ་ནུབ་ཁུལ་གྱི་མངའ་ཁོངས་སུ་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་ཐོན་མེད་པ་རེད། 

མཚོ་ནུབ་ཁུལ་ཞིང་འབྲོག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལི་ཧྲེང་ཡེ་ཡིས་བཤད་རྒྱུར། གསོ་སྤེལ་ར་བར་དུག་སེལ་གྱི་བྱ་བ་ཡག་པོར་བསྒྲུབས་པ་དང་ཆབས་ཅིག ཁྲིམས་འགལ་སྒྲིག་འགལ་ངང་གཏོང་འདྲེན་དང་གང་བྱུང་དུ་བཤས་གཏོང་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏང་རྒྱུ་དང་། ནགས་རྩྭ་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ཞིབ་བཤེར་དང་བཀག་འགོག་བྱེད་ཤུགས་ཆེ་རུ་གཏང་བ། ཞིང་ཆེན་ལས་བརྒལ་ནས་སྒོ་ཕྱུགས་དང་ཁྱིམ་བྱ་གཏང་འདྲེན་བྱེད་པའི་སྐྱེལ་འདྲེན་རླངས་འཁོར་ཐོ་འགོད་དང་དུག་སེལ་ནན་པོ་བྱེད་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། བཟའ་བཏུང་ཚན་པ་སོགས་གཙོ་གནད་ཁུལ་ལ་མཉམ་འབྲེལ་ཞིབ་བཤེར་བྱས་ནས། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་ཉོ་ཚོང་ལ་རྡུང་རྡེག་ཚ་ནན་གཏང་དགོས་ཞེས་བཤད།