མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་པས་བྱ་ཐབས་ཁག་བཅུ་བཏོན་ནས་ཁེ་ལས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ལ་ཕན་འབྲས་མཐོ་བའི་ཞབས་ཞུ་མཁོ་འདོན་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་བྱ་ཐབས་ཁག་བཅུ་བཏོན་པ་དེ་དག་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དངོས་ཟོག་འགན་ལེན་དང་། འཁོར་གཏོང་དོ་དམ་གྱི་ལས་སྒོ་སྒྲུབ་པ། “དྲ་སྦྲེལ་+འགྲིམ་འགྲུལ་དོ་དམ”སོགས་དང་འབྲེལ་བ་ཡོད་པ་དང“འཕྲལ་སྡོམ་སྐར་ཁུང་དང་ལྗང་མདོག་བགྲོད་ལམ”ཁྱོན་ཡོངས་ནས་ཤར་གཏོང་བྱས་པ་དང་། འགྲིམ་འགྲུལ་དོ་དམ་ལས་སྒོ“དྲ་ཐོག་ནས་གཉེར་བ་དང་། རང་འགུལ་ངང་གཉེར་བ། དུས་འགྱངས་ཀྱིས་གཉེར་བ”བཅས་ཁྱབ་གདལ་བཏང་ནས“འཕྲལ་མྱུར་ངང་གཉེར་བ་དང་། ཁ་ཆད་བྱས་ནས་གཉེར་བ། སྟབས་བདེའི་ངང་གཉེར་བ”བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད།

གཅིག་ནི་ཟོག་འགྲེམས་རླངས་འཁོར་ལ་ཚད་བཀག་མེད། བསྐྱར་དུ་ཐོན་སྐྱེད་དང་བསྐྱར་དུ་ཐོན་པའི་སྐྱེལ་འདྲེན་རླངས་འཁོར་གྲོང་ཁུལ་དུ་སྐྱོད་པའི་དུས་ཚོད་ཀྱི་ཚད་བཀག་མེད་པ་བཟོས་ནས་གོ་རིམ་ལྡན་པའི་ངང་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱས་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་དང་། སྨན་བཅོས་རོགས་སྐྱོབ། འཚོ་བ་བཅས་ཀྱི་ཐད་ངེས་པར་དུ་དངོས་ཟོག་སྐྱེལ་འདྲེན་འཁོར་རིགས་ལ་ལྗང་མདོག་བགྲོད་ལམ་བཏོད་དེ་འཕྲལ་སྡོམ་དངོས་ཟོག་དང་དམངས་འཚོའི་དངོས་ཟོག་གྲོང་ཁྱེར་དབར་བདེ་བླག་ངང་བརྒྱུད་འདྲེན་དང་སྡེབ་སྐྱེལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།

གཉིས་ནི་སྒོ་རྩར་བསྐྱོད་ནས་ཁེ་ལས་སླར་གསོ་དང་བསྐྱར་དུ་ཐོན་སྐྱེད་བྱེད་པར་རོགས་རམ་བྱ་དགོས།

གསུམ་ནི་ཁེ་ལས་བསྐྱར་དུ་ལས་འགོ་བསྐྱར་ཚུགས་བྱེད་པའི་སྐར་ཁུང་གི་ལྗང་མདོག་ཆེད་ལམ་འགན་ལེན་བྱེད་དགོས། བསྐྱར་ལས་བྱེད་མཁན་ཁེ་ལས་ཀྱི་མིང་ཐོག་ནས་འཕྲུལ་སྒུལ་འཁོར་རིགས་དང་ཚན་པའི་ལས་མིས་རླངས་འཁོར་བཏང་ནས་དོ་དམ་བྱེད་པའི་ལས་སྒོ་མགྱོགས་མྱུར་གཉེར་ཐུབ་པའི་འགན་ལེན་བྱས་པ་དང་། གྲོང་ཁྱེར་དང་ཀྲོའུ་ཁག་གི་རླངས་འཁོར་དོ་དམ་སུའོ་ཡིས“ལྗང་མདོག་ཆེད་ལམ”ཤར་གཏོང་བྱས་ནས་ཁོངས་གཏོགས་ཁུལ་གྱི་བསྐྱར་ལས་བྱེད་མཁན་ཁེ་ལས་ལ་དུས་ཐོག་དང་ནུས་ཆེའི་ངང་འཁོར་བྱང་དང་ལག་ཁྱེར་གཉེར་བའི་ལས་སྒོ་གཉེར་ཡོད་པ་རེད།

བཞི་ནི་སྐར་ཁུང་ལས་སྒོའི་ཁ་པར་གྱི་ཁ་ཆད་འཇོག་དགོས། ཁེ་ལས་དང་བྱ་གཞག་ཚན་པའི་ཁོངས་གཏོགས་ཀྱི་འཕྲུལ་སྒུལ་འཁོར་རིགས་དང་ཁ་ལོ་བས་རླངས་འཁོར་བཏང་ནས་དོ་དམ་བྱེད་པའི་ལས་སྒོ་དང་དེ་བཞིན་སྟབས་བདེའི་གོ་རིམ་སྤྱད་དེ་ཐག་གཅོད་བྱེད་དགོས་པའི་འགྲིམ་འགྲུལ་ལྟ་སྐུལ་ཚོད་འཛིན་གྱི་ཁྲིམས་འགལ་བྱེད་སྤྱོད་རིགས་ལ་སྔོན་མངགས་འབོར་ཆེན་བྱས་ནས་བདག་སྤྲོད་བྱེད་ཆོག སྟབས་བདེའི་གོ་རིམ་སྤྱད་དེ་ཐག་གཅོད་བྱེད་ཆོག་པའི་སྒེར་འཁོར་འགྲིམ་འགྲུལ་ཁྲིམས་འགལ་ལ་དྲ་སྦྲེལ་དང“12123”ལག་ཐོགས་ཁ་པར་གྱི་APPདྲ་ཐོག་ནས་ཁྲིམས་འགལ་ཐག་གཅོད་ཀྱི་ལས་སྒོ་གཉེར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

ལྔ་ནི་དྲ་སྦྲེལ་གྱི“12123”འགྲིམ་འགྲུལ་དོ་དམ་གྱི་ལས་སྒོ་སྔོན་ལ་གཉེར་དགོས། འཁོར་རིགས་དོ་དམ་སུའོ་ཡི་ཆེད་བསྐོས་མི་སྣས་འགན་འཁུར་ནས་སྔོན་ལ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་སྒོ་དྲ་ཐོག་ལས་སྒོ་གཉེར་རྒྱུར་ཞིབ་བཤེར་བྱེད་དགོས། རྒྱུ་ནོར་ལ་གནོད་འཚེ་ཕྲན་བུ་ཕོག་པའི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ལ་དོ་བདག་ཕྱོགས་གཉིས་པོས་དྲ་ཐོག་ནས་མགྱོགས་མྱུར་ཐག་གཅོད་བྱེད་པ་དང་དྲ་ཐོག་ནས་ལས་འཛོལ་ངོས་འཛིན་རེ་ཞུ་བྱས་ཏེ་གློག་རྡུལ་ལས་འཛོལ་གྱི་ངོས་འཛིན་ཡི་གེ་བཏོན་ནས་སྐྱིན་ཚབ་འཇལ་རྒྱུའི་རེ་ཞུ་བྱེད་ཀྱི་ཡོད་པ་རེད།

དྲུག་ནི་སྦྲག་སྲིད་ལས་ཚབ་ཀྱི་ཞབས་ཞུ་མང་ཙམ་བསྒྲུབ་དགོས།

བདུན་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཆུང་ཙམ་ལ་ཆད་པ་མི་གཅོད་པ། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱས་པའི་སྐྱེལ་འདྲེན་རླངས་འཁོར་དང་། འཕྲལ་སྡོམ་སྐྱེལ་འདྲེན། དམངས་འཚོའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་བཅས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཆུང་གྲས་ལ་སློབ་གསོ་དང་ཡོ་བསྲང་བྱ་རྒྱུ་གཙོ་བོར་བཟུང་ནས་ཆད་པ་མི་གཅོད་རྒྱུ།

བརྒྱད་ནི་དུས་ཐོག་ཏུ་ཉེན་ཁ་ཆེ་བའི་དངོས་ཟོག་སྐྱེལ་འདྲེན་ལ་ཞིབ་མཆན་འགོད་དགོས། དུག་ཤེད་ཆེ་བའི་རྫས་འགྱུར་དངོས་རྫས་ཀྱི་སྐྱེལ་འདྲེན་ལམ་ཐིག་ལ་ཞིབ་མཆན་ཁག་2བཀོད་པ་དང་ཞིང་ཆེན་ནང་ཁུལ་གྱི་སྐྱེལ་འདྲེན་ལ་ལས་ཀའི་ཉིན་གྲངས་གཅིག་ནང་ཚུན་དུ་ལེགས་སྒྲུབ་བྱེད་དགོས་པ། ཞིང་ཆེན་བར་གྱི་སྐྱེལ་འདྲེན་གྱི་ལས་ཀའི་ཉིན་གསུམ་ནང་ཚུན་དུ་ལྡོག་འདྲེན་བྱས་ཡོད།

དགུ་ནི་སྟོབས་ཤུགས་ཡོད་རྒུས་སློབ་འགོ་ཚུགས་པའི་དུས་ཚིགས་ཡིན། སློབ་འགོ་ཚུགས་པའི་དུས་ཚིགས་སུ་སློབ་གྲྭའི་མཐའ་འཁོར་གྱི་འགྲོ་ལམ་དང་། སློབ་གྲྭའི་རླངས་འཁོར། ཁ་ལོ་བ་བཅས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་དོན་སྤེལ་བ། ལམ་དུམ་བུའི་འགྲིམ་འགྲུལ་རྩ་འཛུགས་སྔར་བས་ལེགས་སུ་གཏོང་བ་དང་། རླངས་འཁོར་འཇོག་སྟངས་ཚད་ལྡན་དུ་གཏོང་བ། ལམ་ཟུར་དུ་གནས་སྐབས་འཇོག་ཏུ་འཇུག་དགོས།

བཅུ་ནི་འཕྲལ་སྡོམ་ཁ་པར་གྱི་ཉིན་གང་ཞབས་ཞུ་ཡིན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཆུ་ཚོད་24རིང་ཁ་པར་གཏོང་རེས་བྱས་པ་དང་། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་མཁན་ཁེ་ལས་ཀྱི་ལས་སྒོའི་དགོས་མཁོ་ཚང་མར་ཁ་པར་0971-8293700བརྒྱབ་ནས་དུས་འགོའི་བློ་འདྲི་དང་སྦྲེལ་མཐུད་བྱེད་ཆོག་པ། སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་དུས་ཐོག་ཏུ་ཆེད་མི་བཀོད་སྒྲིག་བྱས་ནས་ལས་སྒོའི་ལན་སྤྲོད་པའམ་ཡང་ན་བདག་སྤྲོད་བྱ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།