ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཞིབ་བཤེར་ས་ཚིགས181ཚང་མ་ཕྱིར་འཐེན་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ་2ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་ཟི་ལིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་པ་འཚོགས་པ་རེད། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཆང་གིས“མིག་སྔར་ཞིང་ཆེན་ཡོངས་ཀྱིས་གནས་ཁག་གི་རིམས་ནད་ཞིབ་བཤེར་ས་ཚིགས་ཀྱི་བཀག་རྒྱ་གཙང་སེལ་དང་འགྲོ་ལམ་ཤར་གཏོང་ཐུབ་པའི་འགན་ལེན་གནས་ཚུལ”བརྡ་ཁྱབ་བཏང་བ་རེད།

གློ་ཚད་ཀྱི་རིམས་ནད་གསར་པ་ཐོན་རྗེས་རིམས་ནད་ཐོན་རྒྱུ་སྔོན་འགོག་བྱ་ཆེད། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་སྤྱི་བདེ་པུའུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མགྱོགས་མྱུར་རིམ་པ་དང་པོའི་བརྡ་ལན་སྤྲད་པ་དང་། ཉེན་རྟོག་པ་ཡོངས་ཀྱིས་འཁོར་ཞག་གཏོང་མཚམས་འཇོག་པ། ལས་མི་ཡོངས་ལས་གནས་ཐོག་འབྱོར་ནས་ནུས་ཤུགས་ཡོད་རྒུས་དམག་འཐབ་རིམས་ནད་དང་། ཉེན་ཁ་སྔོན་འགོགབདེ་འཇགས་སྲུང་སྐྱོབ། བརྟན་ལྷིང་འགན་ལེན་བཅས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་པ་རེད། དེའི་རིང་འགྲིམ་འགྲུལ་སྐྱེལ་འདྲེན་དང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་དང་མཉམ་དུ་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ། རྫོང་དང་ཤང་རིམ་པའི་གཞུང་ལམ་སོགས་ཞིང་ཆེན་དབར་དང་། གྲོང་ཁྱེར་དབར་དང་རྫོང་དབར་གྱི་འགྲིམ་འགྲུལ་གྱི་འགག་གནད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་བཤེར་ས་ཚིགས་181བཙུགས་ནས་མཚོ་སྔོན་ཞིང་ཆེན་དུ་སྐྱོད་མཁན་རླངས་འཁོར་ལ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཞིབ་བཤེར་ཐོ་འགོད་བྱེད་པ་དང་། གཙོ་གནད་ས་ཁུལ་གྱི་རླངས་འཁོར་དང་མི་སྣ་ལ་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱེད་པ། རིམས་ནད་ཀྱི་ནད་རྟགས་འདྲ་བའི་མི་སྣ་གསར་པ་འཕྲལ་དུ་ཞིབ་བཤེར་ལོགས་སུ་དབྱེ་རྒྱུ་ཡིན་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཆུ་ཚད་གློ་ཚད་ཀྱི་རིམས་ནད་གསར་པ་ཐོན་པ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྔ་རྗེས་སུ་ཉེན་རྟོག་པ་མི་ཐེངས་ཁྲི་6.5ལྷག་ཙམ་དང་ཉེན་རྟོག་རླངས་འཁོར་6908བཏང་ནས་རླངས་འཁོར་ཁྲི་96ལ་ཞིབ་བཤེར་བྱས་པ་དང་ཞིབ་བཤེར་མི་སྣ་མི་ཐེངས་ཁྲི་200ལྷག་ཙམ་ཟིན་ཡོད་པ་རེད།

རང་རེའི་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དུས་རིམ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གི་《གཞུང་ལམ་འགྲིམ་འགྲུལ་ཤར་བགྲོད་འགན་ལེན་གྱི་ལས་དོན་ལེགས་སྒྲུབ་བྱས་ནས་མི་སྣ་དང་རླངས་འཁོར་རྒྱུན་ལྡན་ངང་ཤར་སྐྱོད་ཐུབ་པར་འགན་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》ཡི་བླང་བྱ་ལྟར། རང་རེའི་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས། ཟླ་2ཚེས་16ཉིན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུས《རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་འགྲོ་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་དང་། ཟླ་2ཚེས་17ཉིན་གྱི་ཐོ་རེངས་ནས་བཟུང་ཟི་ལིང་དང་། མཚོ་ཤར། མཚོ་བྱང་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་3དང་མཚོ་སྔོན་དང་ཞིང་ཆེན་དབར་གྱི་ཞིབ་བཤེར་ས་ཚིགས་16ཕུད་པ་རེད། ཞིང་ཆེན་ནང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལམ་ཐིག་གཙོ་བོའི་ཐོག་གི་ནད་ཡམས་ཞིབ་བཤེར་ས་ཚིགས་གཞན་དག་རིམ་བཞིན་ཕྱིར་འཐེན་བྱས་ཏེ་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་དང་། འཕྲལ་སྡོམ་སྐྱེལ་འདྲེན། དཔྱིད་རྨོད་ཐོན་སྐྱེད་གྲ་སྒྲིག་རླངས་འཁོར་དང་མི་སྣ་འཁོར་རྒྱུག་བཅས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན་པ་རེད།

ཟླ་2ཚེས་21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ལམ་སླར་གསོ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་རྗེས་རྒྱུན་གཏན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ལམ་སླར་གསོ་དང་འགྲོ་ལམ་འགྲིམ་འགྲུལ་ཤར་གཏོང་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་གྱི་གློ་ཚད་རིམས་ནད་འགོག་བཅོས་ཁུལ་གསར་པ་དང་ཟུང་འབྲེལ་བྱས་ནས་རིམ་དབྱེ་གནད་སྨིན་ཇུས་འདོན་བྱས་པ་དང་ཟོག་འདྲེན་ཐད་འགྲོ་སྐྱོད་ལ་འགོག་རྐྱེན་མེད་པ་དང་འགྲུལ་སྐྱེལ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པའི་སྤྱིའི་བླང་བྱ་གཞིར་བཟུང་། སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་རྒྱུན་གཏན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ལམ་སླར་གསོ་བྱ་རྒྱུ་ཡིན་པ་རེད། འགྲོ་ལམ་འགྲིམ་འགྲུལ་ཤར་གཏོང་འགན་ལེན་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་ནས་ཁོངས་གཏོགས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ཐོན་སྒོ་དང་། གྲོན་བསྡུའི་ས་ཚིགས། ཞབས་ཞུའི་ས་ཁུལ། ཞིང་ཆེན་གྱི་ས་མཚམས་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཨ་མའི་ཐོག་བཙུགས་པའི་རིམས་ནད་ཞིབ་བཤེར་ས་ཚིགས་ཚང་མ་མེད་པ་བཟོས་ནས“ཐོག་མའི་སྤྱི་ལེ་གཅིག”དང“མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཟོག་འདྲེན་གྱི་བརྒྱུད་རིམ་ཧྲིལ་པོའི“འགོག་རྐྱེན་མེད་པ”ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགན་ལེན་བྱེད་པ་དང་ཟོག་འདྲེན་སྐྱེལ་འདྲེན་གྱི་ལམ་དྲ་ཤར་གཏོང་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། ཞིང་ཆེན་སྤྱི་བདེ་ཐིང་གིས་དུས་མཚུངས་སུ་ལས་དོན་ཚོགས་ཆུང་མངགས་ནསས་གནས་ཁག་གི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་དང་ལྷག་པར་དུ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཆ་རྐྱེན་ལ་སྣང་ཆེན་མི་བྱེད་པ་དང་དཀའ་ངལ་ལ་མི་སྐྲག་པར་ས་གནས་ཏང་ཨུད་དང་སྲིད་གཞུང་ལ་སྙན་སེང་ཧུར་ཐག་ཞུས་ནས་རང་འགུལ་ངང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཚན་དང་མཉམ་དུ་ཆུ་ཚོད་27གྱི་སྔ་སྣུར་དུ་ནད་ཡམས་ཞིབ་བཤེར་ས་ཚིགས་མེད་པ་བཟོ་རྒྱུའི་ལས་འགན་ལེགས་སྒྲུབ་བྱས་པ་རེད། ཚེས་23ཉིན་གྱི་ཆུ་ཚོད་21བར་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཞིབ་བཤེར་ས་ཚིགས་181ཚང་མ་མེད་པ་བཟོས་པའི་ནང་མྱུར་བགྲོད་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་33དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་84རྫོང་དང་ཤང་གི་འགྲོ་ལམ་ཞིབ་བཤེར་ས་ཚིགས་57མེ་འཁོར་བབས་ཚུགས་དང་རླངས་འཁོར་བབས་ཚུགས་ཀྱི་ཞིབ་བཤེར་ས་ཚིགས་7བཅས་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གྱི་བཀག་སྡོམ་ཕྱིར་གཏོང་དང་འཇུག་སྒོ་ཤར་གཏོང་ཐུབ་ཚད་100%དང་། མྱུར་བགྲོད་གཞུང་ལམ་གྱི་ནད་ཡམས་ཞིབ་བཤེར་ས་ཚིགས་མེད་པ་བཟོ་ཚད་100%རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་ནད་ཡམས་ཞིབ་བཤེར་ས་ཚིགས་མེད་པ་བཟོ་ཚད་100%བཅས་སོ་སོར་ཟིན་ཡོད་པ་རེད། སྤྱི་བདེ་པུའུ་ཡིས་རང་ཞིང་གིསས་ཚིགས་ཕྱིར་འཐེན་བྱེད་པའི་ལས་དོན་ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།