སྨོན་ལམ་ཚིག་མཛོད་ཆེན་མོ2020པ་ཨན་ཌོ་མ་ལག་ནང་འགྲེམ་སྤེལ་བྱས་པ།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་འབྱོར་བའི་གནས་ཚུལ། བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་པའི་སེར་སྐྱ་ཡོངས་ལ། རབ་བྱུང་ ༡༧ པའི་ལྕགས་ཕོ་བྱི་བའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ལོ་སར་ཚེས་གཅིག་ཉིན་ངེད་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་ ༢་༡ ཅན་ནམ་སྨོན་ལམ་ཚིག་མཛོད་ཆེན་མོ་ ༢༠༢༠ པ་ཨན་ཌོ་མ་ལག་ནང་དངོས་སུ་འགྲེམ་སྤེལ་ཞུས་ཡོད།

ཨན་ཌོ་(Android)མ་ལག་ཅན་གྱི་ཁ་པར་རྣམས་ལ་མཉེན་ཆས་སྔར་ལས་ལྡབ་འགྱུར་གྱི་ཡར་རྒྱས་བཏང་ཡོད་པར་མ་ཟད། ཚིག་མཛོད་ཆེན་མོ་ལོ་གཅིག་རིང་བསྐྱར་བཅོས་ཟིན་པ་གསར་སྤེལ་གྱིས། བོད་དབྱིན་དང་དབྱིན་བོད་ཕྱོགས་གཅིག་ཏུ་སྟབས་བདེར་བཟོས་ཡོད། དེར་བརྟེན་ཨན་ཌོ་(Android)མ་ལག་དང་འབྲེལ་བའི་སྨོན་ལམ་བོད་དབྱིན་ཚིག་མཛོད་སྔ་མ་དག་བསུབས་ཏེ་ཐོན་རིམ་གསར་པ་འདི་ཕབ་ལེན་གནང་རོགས་ཞུ།

མ་ལག་གཞན་དག་ནང་རིང་མིན་འགྲེམས་སྤེལ་ཞུ་རྩིས་ལགས་ན་བོད་ཀྱི་སྐད་ཡིག་དང་རིག་གཞུང་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་བཅས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་ལྕགས་བྱི་ལོའི་ལོ་སར་ཚེས་གཅིག་ཉིན་ཕུལ།

སྨོན་ལམ་ཚིག་མཛོད་ཆེན་མོའི་ཁྱད་ཆོས།

སྒྲོམ་གཞི།

སྨོན་ལམ་ཚིག་མཛོད་ཆེན་མོ་ནི་བོད་ཡིག་གི་ཚིག་མཛོད་ཁག་ལས་རྒྱས་ཤོས་དང་། རྒྱལ་སྤྱིའི་ཚིག་མཛོད་ཚད་ལྡན་གྱི་ཆ་རྐྱེན་དང་མཐུན་པ་ཡིན། ཚིག་མཛོད་འདིའི་གཞི་རྩའི་སྒྲོམ་གཞི་ལ་ཆ་ཤས་ཁག་མི་འདྲ་བ་བཅུ་བདུན་ལས་གྲུབ་ཡོད།

རྩོམ་སྒྲིག

རྩོམ་སྒྲིག་བྱེད་ཕྱོགས་བོད་རང་གི་ཐུན་མིན་རིག་གཞུང་གཞིར་བཞག དེང་རབས་ཚིག་མཛོད་རིག་པའི་གཞུང་ལུགས་ཀྱི་ལེགས་ཆ་བསྡུས་པ། ཆོས་ལུགས་གྲུབ་མཐའ་ཁག རིག་གཞུང་སྡེ་ཚན་ཁག མི་སྒེར་བཅས་ཀྱི་མཉམ་ལས་བྱེད་ཀྱིན་ཡོད།

རྒྱུན་སྤྱོད།

རྒྱུན་སྤྱོད་ཐ་སྙད་ནི། དམངས་ཡོངས་ཀྱི་རང་བཞིན། བཀོལ་ཡུན་རིང་བ། ཐ་སྙད་མང་པོའི་གྲུབ་གཞིར་ཆགས་པ་བཅས་ཡིན། འདིར་གཙོ་བོར་རྒྱུན་སྤྱོད་ཐ་སྙད་བསྡུ་སྒྲིག་བྱས་ཡོད་པ་མ་ཟད་འདི་ནི་ཆེས་གལ་ཆེ་བའི་གཞི་རྩའི་ཐ་སྙད་ཁག་ཡིན།

བརྡ་སྤྲོད།

ཐ་སྙད་ཡོངས་རྫོགས་ལ་བརྡ་སྤྲོད་ཀྱི་དབྱེ་བ་ཁག་བཅུ་གཉིས་སུ་བསྡུས་ནས་ངོས་འཛིན་བྱས་ཡོད། འདི་ནི་ཚིག་མཛོད་ཙམ་མ་ཟད་བོད་ཀྱི་སྐད་ཡིག་འདི་ཉིད་དེང་རབས་རྒྱལ་སྤྱིའི་སྐད་ཡིག་གི་རྗེས་ཟིན་པའི་ཐབས་ལམ་ཉག་གཅིག་ཡིན།

བརྡ་ཆད།

བརྡ་ཆད་ནི་རིག་ཚན་མི་འདྲ་བའི་ཆེད་སྤྱོད་ཐ་སྙད་ཁག་རྩ་བའི་དབྱེ་བ་ཁག་བཅུ་བདུན་དུ་བཀར་ཡོད། རྒྱས་པར་དབྱེ་ན་ཁག་བརྒྱ་དང་བཅུ་ཙམ་ཡོད། འདི་ནི་རིག་ཚན་ཁག་གི་ཐ་སྙད་སོ་སོའི་འཇུག་དོན་མ་ནོར་བར་ཕན་ཐོགས་ཆེན་པོ་ཡོད།

གཞན་དག

ད་དུང་འདིར་དཔེར་བརྗོད། དཔེ་རིས། ཐ་སྙད་ཀྱི་འབྱུང་ཁུངས། སྒྲ་གདངས། ལྡོག་ཚིག མིང་གི་རྣམ་གྲངས། ཉེ་ཚིག འདྲ་ཚིག ཟུར་མཆན། སྤྱོད་སྒོ། བསྡུས་ཚིག་བཅས་དབྱེ་བ་ཕྱེས་ནས། བཀོལ་སྤྱོད་པར་སྟབས་བདེ་གང་ཡོང་བྱས་ཡོད།