མཚོ་སྔོན་གྱི་ཏོག་གསར་གློ་ཚད་ནད་པ་ཚང་མ་སྨན་ཁང་ནས་བུད་ཚར།

རང་རེའི་དྲ་བའི་འཕྲིན། ཟླ2ཚེས21ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཕོག་པའི་ཆེས་མཐའ་མཇུག་གི་ནད་པ2ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ལས་ཕྱིར་བུད། ད་ལྟའི་བར་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་དང་གསུམ་པ་རུ་ཞག་སྡོད་བྱས་པའི་ནད་རྟགས་ངོས་འཛིན་བྱས་པའི་ནད་པ18པོ་ཚང་མ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་བུད་པ་རེད།

ད་ཐེངས་སྨན་ཁང་ལས་བུད་པའི་ནད་པ2ནི་སོ་སོ་ཟླ2ཚེས2ཉིན་དང་ཚེས4ཉིན་ལ་སྨན་ཁང་དུ་ཞག་སྡོད་བྱས་ཤིང་། ཉིན་དེར་ནད་རྟགས་ངོས་འཛིན་བྱས། སྤྱིར་བཏང་གི་ནད་པ་ནས་ནད་གཞི་ཅུང་ཚབས་ཆེ་བའི་ནད་པར་གྱུར་མོད། ཞིང་ཆེན་རིམ་པའི་སྨན་བཅོས་མྱུར་སྐྱོབས་ཆེད་མཁས་ཚན་ཆུང་གིས་ཐེངས་མང་པོར་སྨན་བཅོས་ཀྱི་ཐབས་ཇུས་དང་ཀྲུང་ཕྱིའི་སྨན་བཅོས་ཟུང་འབྲེལ་སྒོས་ནུས་ཤུགས་གང་ཡོད་བཏོན་ནས་མྱུར་སྐྱོབས་བྱས། རིམ་པ་དང་པོའི་སྨན་བཅོས་མི་སྣ་དག་གིས་མྱུར་སྐྱོབས་བྱེད་ཐབས་ལག་བསྟར་དངོས་འབེབས་དང་ནད་པ་ལ་སེམས་ཁམས་ཐད་མཛུབ་སྟོན་བྱས་ཏེ། ཉིན20ལྷག་གི་རིང་ལ་ཐུན་མོང་གིས་འབད་འབུངས་སྨན་བཅོས་བྱས་པ་བརྒྱུད། ད་བཟོད་དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་བུད་པ་རེད།

རྒྱལ་ཁབ་ཀྱི《ཏོག་གསར་གློ་ཚད་ཀྱི་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་དྲུག་པ།)》ཡི་སྨན་ཁང་ནས་བུད་ཆོག་པའི་ཚད་གཞི་དང་མཐུན་ཞིང་། ཞིང་ཆེན་རིམ་པའི་ཆེད་མཁས་པས་དཔྱད་ཞིབ་བྱས་མཐར། དེ་རིང་སྔ་དྲོར་སྨན་ཁང་ནས་བུད། སྨན་ཁང་ནས་བུད་རྗེས་ནད་པ་གཉིས་ཀ་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་དོ་དམ་འོག ཉུང་མཐའ་ཡང་ཉིན14ལ་རང་ཁྱིམ་ནས་བཀར་འཇུག་ལྟ་ཞིབ་བྱ་དགོས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།