མཚོ་སྔོན་གྱི་བོད་བརྒྱུད་ནང་བསྟན་ཆོས་སྡེ་ནས་རིམས་འགོག་ཐད་སྒོར་བྱེ་བ་གཉིས་ཞལ་འདེབས་སུ་ཕུལ་བ།

ཀྲུང་གོའི་གསར་འགྱུར་དྲ་བའི་འཕྲིན། ཚེས18ཉིན་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ནས་ཤེས་གསལ་ལྟར་ན། ཞིང་ཆེན་བོད་བརྒྱུད་ནང་བསྟན་པའི་སྡེ་ཡིས་འབྲེལ་ལམ་ཁག་ལ་བརྟེན་ནས་སྔ་གཞུག་ཏུ་དངོས་ཟོག་དང་མ་དངུལ་ཁྱོན་སྡོམ་སྒོར་བྱེ་བ་གཉིས་ཞལ་འདེབས་སུ་ཕུལ་ཡོད་པ་རེད།

ཏོག་གསར་གློ་ཚད་བྱུང་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་འགོས་ཁྱབ་ལ་འཛེམ་ནས་ཆོས་ལུགས་ཀྱི་བྱེད་སྒོ་མང་པོ་ཞིག་གནས་སྐབས་སུ་སྤེལ་མཚམས་བཞག་ཡོད་ན་ཡང་། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་འབོད་སྐུལ་དང་། སེམས་ཅན་མི་འདོད་ནད་ཡམས་ལས་སྐྱོབ་པའི་དགེ་སེམས་ཀུན་བསྐུལ་ཏེ། བོད་བརྒྱུད་ནང་བསྟན་གྱི་བླ་མ་སྤྲུལ་སྐུ་དང་། ཡོངས་འཛིན། མཁན་པོ58ཀྱིས་ལྷན་ཅིག་ཏུ་མཚན་ཐོག་ནས་རྒྱལ་གཅེས་ཆོས་གཅེས། རྒྱལ་སྲུང་དམངས་ཕན། འགྲོ་ཕན་དགེ་རྩར་དམིགས་པའི་དངོས་པོ་དང་མ་དངུལ་ཞལ་འདེབས་རེ་འབུལ་བའི་རེ་སྐུལ་གནང་ངོར། མཚོ་སྔོན་སྐུ་འབུམ་དགོན་གྱིས་སྒོར་ས་ཡ་གཅིག་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཆོས་སྡེ་ནས་སྒོར་ས་ཡ་བདུན་དང་འབུམ་གཉིས། དེའི་སྟེང་སྒོར་ས་ཡ་གཉིས་དང་འབུམ་གཉིས་ཁྲི་ལྔ་ཡི་དངོས་ཟོག་བཅས་ཞལ་འདེབས་སུ་ཕུལ་ལ།དེར་ཡུལ་ཤུལ་སྐྱེ་དགུ་དགོན་གྱིས“དགེ་བ་འདི་ཡིས་མྱུར་དུ་བདག །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །”ཞེས་སྨོན་ལམ་དང་བཅས་སྒོར་ས་ཡ་གཅིག་དང་འབུམ་གཅིག་ཞལ་འདེབས་སུ་ཕུལ།

མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། སྐུ་འབུམ་དགོན་པའི་བླ་མ་ར་ཁོ་བློ་བཟང་བསྟན་པའི་དབང་ཕྱུག་མཆོག་ནས་ཞལ་འདེབས་གནང་སྐབས་སུ། “གང་དུ་དཀའ་ངལ་ཡོད་གྱུར་ན། ཕྱོགས་བཞིའི་ལག་ཟུང་དེ་ལ་བསྐྱངས”ཞེས་ཀྲུང་ཧྭ་མི་རིགས་ཀྱི་ཀུན་སྤྱོད་བཟང་པོ་དང་ནང་བསྟན་གྱི“རྒྱལ་ཁམས་བདེ་ལ་མི་སེམས་དག”ཅེས་པའི་དགོངས་དོན་དར་སྤེལ་བྱས་ནས་མ་བསྐུལ་རང་རྟོགས་སྒོས་མིག་དཔེའི་ནུས་པ་བཏོན་ཏེ། མི་རིགས་ཁག་གི་མང་ཚོགས་དང་དཔུང་བ་མཉམ་གཤིབ་སྒོས་ནད་ཡམས་འགོག་བཅོས་བྱེད་ཅེས་གསུངས།

ཡུལ་ཤུལ་ནི་མ་གཞི་ནས་བརྩེ་བ་འཁྲུངས་སའི་གནས་དམ་པ་ཞིག་ཡིན། ལོ་བཅུའི་ཡར་སྔོན་ཡུལ་ཤུལ་དུ་ས་ཡོམ་བྱུང་རྗེས། རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བ་ཆེན་པོའི་ལག་ཟུང་དྲོན་མོ་ལ་བརྟེན་ནས་ད་ལྟའི་ཡུལ་ཤུལ་གསར་པ་འདི་བྱུང་། ཞེས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བློ་བཟང་ཚེ་རིང་གིས་དེ་ལྟར་ནད་ཡམས་ལ་ཁ་གཏད་དེ་ང་ཚོས་དྲིན་གཟོ་ཡི་བློས་བསླངས་འོག བོད་བརྒྱུད་ནང་བསྟན་གྱི་ཆོས་སྡེའི་སེམས་མཚོན་བྱེད་དུ་དངོས་ཟོག་དང་མ་དངུལ་ཞལ་འདེབས་སུ་གནང་བ་ཡིན་ཞེས་བརྗོད།

“ཏང་དང་སྲིད་གཞུང་གིས་ཆོས་ལུགས་པའི་སྡེ་ལ་ཐུགས་ཁུར་ཚད་མེད་གནང་ལ། ཆོས་ལུགས་པའི་སྡེ་ཡིས་ཀྱང་ཏང་གི་བཀའ་དྲིན་ཡིད་ལ་བཅངས། ནད་ཡམས་བྱུང་རྗེས། མཚོ་སྔོན་བོད་བརྒྱུད་ནང་བསྟན་པའི་ཆོས་སྡེ་ཡིས་མ་དངུལ་དང་དངོས་ཟོག་མང་པོ་ཕུལ་བ་འདི་ནི་ཉེ་བའི་ལོ་ཤས་རིང་མཚོ་སྔོན་བོད་བརྒྱུད་ནང་བསྟན་པའི་ཆོས་སྡེ་ཡི་མ་དངུལ་འབོར་ཆེན་ཞིག་ཡིན།” ཞེས་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཡིག་ཆེ་མོ་བཀྲ་བྷ་ཡིས་དེ་ལྟར་བརྗོད་ལ། ད་སྔ་དངོས་ཟོག་དང་མ་དངུལ་མུ་མཐུད་ནས་ཞལ་འདེབས་གནང་བཞིན་འདུག

ཁོན་ཐར་འཚོས་བསྒྱུར།