མཚོ་སྔོན་རྨ་སྟོད་རྫོང་གིས་རིམས་འགོག་སྐབས་བྱུང་བའི་གྱོད་གཞི་སྐོར་ཞིག་ཁྱབ་སྒྲོག་བྱས་པ།

མཚོ་སྔོན་ཞིང་ཆེན་གྱིས་གློ་བུར་དུ་བྱུང་བའི་སྤྱི་གཞུང་འཕྲོད་བསྟེན་གྱི་རིམ་པ་དང་པོའི་འབོད་སྐད་བཏང་རྗེས། རྨ་སྟོད་རྫོང་གིས་ཚད་མཐོའི་མཐོང་ཆེན་དང་སྡེ་ཁག་སོ་སོའི་གཅིག་གྱུར་རོགས་སྒྲུབ་འོག་ཆེས་ཆེ་བའི་སེམས་ཤུགས་མཐའ་དག་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་ཞུགས། འོན་ཀྱང་རིམས་ནད་སྔོན་འགོག་གནས་ཚུལ་ལ་ཛ་དྲག་ཧ་ཅང་ཆེ་བའི་གནས་ཚུལ་འོག་དོན་དག་དེ་དག་སྣང་མེད་དང་ལྷོད་གཡེང་བྱེད་མཁན་གྱི་སྡོད་དམངས་མི་ཉུང་བ་ཞིག་གིས་ཁུལ་དང་རྫོང་རིམས་འགོག་བཀོད་འདོམས་པུའུ་ཡི་ཁྲིམས་ལྟར་བསྒྲགས་པའི་རིམས་འགོག་སྐབས་ཀྱི་ཆོད་སེམས་དང་བཀའ་རྒྱ་ལག་བསྟར་མི་བྱེད་པར་གསོལ་སྟོན་ལ་ཞུགས་པ་དང་མི་གཞན་ལ་གཅར་རྡུང་བྱས་ནས་ཤུགས་རྐྱེན་མི་ལེགས་པ་བཟོས། ད་ལྟ་རྨ་ཆེན་རྫོང་གིས་ཉེ་ལམ་ཁྲིམས་ལྟར་ཐག་གཅོད་བྱས་པའི་རིམས་འགོག་སྐབས་ཀྱི་ཁྲིམས་འགལ་ནག་ཉེས་སྐོར་གྱི་དཔེར་མཚོན་གྱོད་དོན་ཁྱབ་བསྒྲགས་བྱས་ཡོད་པས། རྒྱ་ཆེའི་སྤྱི་ཚོགས་སྟེང་གི་སྤྱི་དམངས་ཡོངས་ལ་དེའི་ཐད་སློབ་གསོ་ཐོབ་པ་དང་ཉེན་བརྡ་གཏོང་བའི་བྱེད་ནུས་ཐོན་ཐུབ་པའི་རེ་བ་བཅངས་ཡོད།

གྱོད་དཔེ་དང་པོ།

2020ལོའི་ཟླ2ཚེས13ཉིན་གྱི་ཆུ་ཚོད13སྟེང་ཧི་ཡོན་གཞིས་ཁུལ་གྱི་རིམས་ནད་འགོག་སྲུང་ཚོད་འཛིན་སྐོར་ཞིབ་མི་སྣ་དག་ལ་མི་ཞིག་མཁར་གྱང་ལ་འགོས་ནས་ཕྱི་རོལ་དུ་བྲོས་བྱོལ་བྱས་པའི་གནས་ཚུལ་སྐོར་གྱི་ཞུ་གཏུག་འབྱོར། ཡུལ་དངོས་ལ་ཐོན་རྗེས་ཚེ་ཆེ་གེ་མོ་དང་བརྟན་ཆེ་གེ་མོ་གཉིས་ཀྱིས་གཞིས་ཁུལ་གྱི་སྒོ་ཁའི་འགྲོ་འོངས་ཐོ་འགོད་ལ་གཡོལ་ཆེད་བརྟན་ཆེ་གེ་མོ་ལ་རོགས་བྱས་ཏེ་གཞིས་ཁུལ་གྱི་མཁར་གྱང་ལ་འགོས་ནས་རང་ཁྱིམ་ལ་དངོས་པོ་ལེན་དུ་འགྲོ་རུ་བཅུག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་བདག་དོམ་ཉེས་ཆད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལྟར་ཚེ་ཆེ་གེ་མོ་དང་བརྟན་ཆེ་གེ་མོ་གཉིས་ལ་སྲིད་འཛིན་གྱི་ཉེས་ཆད་སྒོར100ཡི་ཆད་པ་བཅད།

ཉིན་དེའི་དུས་ཚོད19ཡི་སྟེང་རྩེ་ཆེ་གེ་མོ་དང་ཤེས་ཆེ་གེ་མོ། བསོད་ཆེ་གེ་མོ་བཅས་ཀྱིས་ཧི་ཡོན་གཞིས་ཁུལ་གྱི་ཞིབ་བཤེར་ལ་གཡོལ་ཆེད་ལྟག་སྒོའི་མཁར་གྱང་ལ་འགོས་ནས་ཁྱིམ་ཚང་ཆེ་གེ་མོ་ཞིག་གི་གསོལ་སྟོན་ལ་སོང་། དེའི་འཕྲོར་ཡང་བསྐྱར་ལྟག་སྒོའི་མཁར་གྱང་ལ་འགོས་ནས་ཕྱིར་ལོག འདྲི་རྟོག་བརྒྱུད་མི་གསུམ་གྱིས་རང་ཉིད་ལ་ཞིབ་བཤེར་བྱེད་པར་གཡོལ་ཆེད། མཁར་གྱང་ལ་འགོས་པའི་བྱ་སྤྱོད་མ་ལུས་ངོས་ལེན་བྱས། ཤེས་ཆེ་གེ་མོ་དང་བསོད་ཆེ་གེ་མོ། རྩེ་ཆེ་གེ་མོ་གསུམ་གྱིས་གཞིས་ཁུལ་གྱི་བདག་དོམ་ཚོད་འཛིན་བྱ་བའི་གཏན་འབེབས་ལག་བསྟར་མ་བྱས་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་བདག་དོམ་ཉེས་ཆད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལྟར་གོང་གསལ་གྱི་མི་གསུམ་སོ་སོར་སྲིད་འཛིན་བཀག་སྐྱིལ་ཉིན7གྱི་ཉེས་ཆད་བཅད།

གྱོད་དཔེ་གཉིས་པ།

2020ལོའི་ཟླ2ཚེས13ཉིན། རིམས་ནད་སྔོན་འགོག་ཚོད་འཛིན་དུས་སྐབས་སུ་རྨ་སྟོད་རྫོང་གི་ལམ་གྱི་སུམ་མདོའི་ཧོང་ཡོན་སྣུམ་སྣོན་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཀྲུའུ་ཆེ་གེ་མོ་ཡིས་མངགས་གཏོང་ཁང་གི་རླངས་སྣུམ་སིལ་འཚོང་བདེན་དཔང་མེད་པ་དང་དངོས་མིང་ཐོ་འགོད་མེད་པའི་གནས་ཚུལ་འོག་རང་སྟེང་ནས་རླངས་སྣུམ་ཉོ་རུ་འོངས་བའི་འབྲོག་པ་ཤེས་ཆེ་གེ་མོ་དང་འཕགས་ཆེ་གེ་མོ། བློ་ཆེ་གེ་མོ་གསུམ་ལ་རིན་གོང་སྒོར660ཡི་རླངས་སྣུམ92རྟགས་ཅན་ཕྱིར་འཚོང་བྱས། 《ཁེ་དོན་ལས་ལས་ཁུངས་ནང་ཁུལ་གྱི་བདེ་སྲུང་འགན་སྲུང་སྲོལ་ཡིག》གི་ཚོན་ཚན་བཅུ་དགུ་པ་དང《སྤྱི་བདེ་ལས་ཁུངས་ཀྱིས་ཁེ་དོན་ལས་ལས་ཁུངས་ནང་ཁུལ་གྱི་བདེ་སྲུང་འགན་སྲུང་ལ་ལྟ་རྟོག་ཞིབ་བཤེར་བྱེད་པའི་བྱ་བའི་གཏན་འབེབས》ཀྱི་དོན་ཚན་བརྒྱད་པ་དང་དོན་ཚན་བཅུ་གཅིག་པའི་གཏན་ཁེལ་ལྟར། རྨ་སྟོད་རྫོང་ཧོང་ཡོན་རྡོ་སྣུམ་ཚད་ཡོད་འགན་ལེན་ཀུང་ཟི་ལ་སྲིད་འཛིན་ཆད་པ་སྒོར་ཁྲི2དང་ཀྲུའུ་ཆེ་གེ་མོ་ལ་སྲིད་འཛིན་ཆད་པ་སྒོར500བཅད།

གྱོད་དཔེ་གསུམ་པ།

2020ལོའི་ཟླ2ཚེས15ཉིན། ལས་རེས་མི་དམངས་ཉེན་རྟོག་པས་ཧི་ཡོན་གཞིས་ཁུལ་དུ་སྐོར་ཞིབ་བྱེད་སྐབས་མི་སྐོར་ཞིག་ལྷན་དུ་འཛོམས་ནས་ཆང་འཐུང་བ་དང་དེའི་མི་ཚད་ཆང་འཐུང་རྗེས་རྡུང་རེས་བརྒྱབ། འདྲི་གཅོད་བྱས་པ་བརྒྱུད་བཀྲ་ཆེ་གེ་མོ་དང་བརྟན་ཆེ་གེ་མོ། ལྕགས་ཆེ་གེ་མོ་བཅས་ཀྱིས་རིམས་འགོག་སྐབས་སུ་རུ་མྱུལ་དང་འདུ་འཛོམས་བྱས་མི་ཆོག་པ་ཤེས་བཞིན་དུ་བསམ་གཟས་ནས་བཀྲ་ཆེ་གེ་མོ་ཡི་ཁྱིམ་དུ་གསོལ་སྟོན་བཤམས་ནས་ཆང་འཐུང་བ་རེད། ཆང་འཐུང་རྗེས་ལྕགས་ཆེ་གེ་མོ་དང་བརྟན་ཆེ་གེ་མོ་གཉིས་ཀྱི་བར་ལ་ཁ་རྩོད་བྱུང་པས། མཇུག་མཐར་ལྕགས་ཆེ་གེ་མོ་ཡིས་བརྟན་ཆེ་གེ་མོའི་མིག་གཡོན་པར་ཁུ་ཚུར་བཞུས་ནས་སྔོན་པོར་བཏང་། ད་རུང་ཝུ་ཆང་གི་དམ་བུ་ཡིས་བརྟན་ཆེ་གེ་མོའི་འགྲམ་པ་གཡོན་པར་བརྒྱབ། བཀྲ་ཆེ་གེ་མོ་དང་བརྟན་ཆེ་གེ་མོ། ལྕགས་ཆེ་གེ་མོ་བཅས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་གནས་བབ་ཛ་དྲག་འོག་གི་ཐག་གཅོད་དང་བཀའ་རྒྱ་ལག་བསྟར་མི་བྱེད་པ་མ་ཟད། ཆང་འཐུང་རྗེས་དོན་རྐྱེན་བཟོས་ནས་མི་གཞན་ལ་རྡུང་རྡེག་བྱས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་བདག་དོམ་ཉེས་ཆད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གསུམ་པ་དང་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལྟར་ལྕགས་ཆེ་གེ་མོར་སྲིད་འཛིན་བཀག་སྐྱིལ་ཉིན10གྱི་ཉེས་ཆད་བཅད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་བདག་དོམ་ཉེས་ཆད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལྟར་བཀྲ་ཆེ་གེ་མོ་དང་བརྟན་ཆེ་གེ་མོ་གཉིས་སོ་སོར་སྲིད་འཛིན་བཀག་སྐྱིལ་ཉིན7གྱི་ཉེས་ཆད་བཅད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།