མཚོ་བྱང་ཀྲུང་བོད་ལུགས་གསོ་རིག་གིས་རིམས་འགོག་ཐད་ནུས་པ་གལ་ཆེན་བཏོན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཏོག་གསར་གློ་ཚད་བྱུང་བ་ནས་བཟུང་། མཚོ་བྱང་ཁུལ་གྱིས་རིམས་འགོག་ཚོད་འཛིན་ཐད་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྫས་བསྡེབས་སྦྱོར་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་རིམས་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་ནས་དེའི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་རམ་འདེགས་གང་ལེགས་བྱས་ཡོད།

མཚོ་བྱང་ཁུལ་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་གི་ཆེད་མཁས་པ་སྒྲིག་འཛུགས་བྱས་ནས་ཐེངས་འདིའི་གློ་ཚད་ཀྱི་ནད་ཐོག་སྨན་བཅོས་ཀྱི་ནད་རྟགས་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཤིང་བོད་ལུགས་གསོ་རིག《རྒྱུད་བཞི》ཡི་ནང་ནད་ཡམས་སྔོན་འགོག་དང་ནད་ཡམས་སྨན་བཅོས་བྱེད་པའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ《མཚོ་བྱང་ཁུལ་བོད་སྨན་ཁང་གི་ཏོག་གསར་གློ་ཚད་ཀྱི་བོད་ལུགས་གསོ་རིག་བོད་སྨན་འགོག་བཅོས་ཇུས་གཞི》བཟོས་པར་མ་ཟད། ཆམ་རིམས་སྔོན་འགོག་དང་ནད་འགོག་ནུས་པ་མཐོ་རུ་གཏོང་བའི“རིམས་སྲུང་བདུན་པ”སྡེབ་སྦྱོར་བྱས་ཡོད་པ་རེད།

ཁུལ་བོད་སྨན་ཁང་རང་གིས་ཞིབ་བཟོ་བྱས་པའི་ནག་པོ་དགུ་སྦྱོར་དང་ནོར་བུ་བདུན་ཐང་། ལོ་གྱོན་མ། འཁྲུགས་གློ་ཀུན་སེལ་སོགས་ནད་ཐོག་སྨན་བཅོས་ཐད་སྤྱད་ཡོད་པ་རེད། ཁུལ་མི་དམངས་སྨན་ཁང་དང་པོས་འབྲེལ་ཡོད་རིམས་འགོག་གི་སྨན་བཟོས་པ་དང་། མདོ་ལ་རྫོང་བོད་སྨན་ཁང་གིས་རིམས་འགོག་གི་ནུས་པ་ལྡན་པའི“རིམས་སྲུང་བདུན་པ”སྡེབ་སྦྱོར་བྱས་ཡོད་ཅིང་། རྐང་ཚ་རྫོང་མི་དམངས་སྨན་ཁང་གིས་གློ་ཚད་རིམས་འགོག་གི་སྨན་སྣ་སྡེབ་སྦྱོར་བྱས་ཏེ། རིན་མེད་ངང་འཐབ་ས་དང་པོའི་ལས་བྱེད་ལས་བཟོ་དང་མི་དམངས་མང་ཚོགས་ལ་བྱིན་ཏེ་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱ་ཆེད་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གིས་རང་ནུས་གང་ཡོད་བཏོན་ཡོད།

ཟླ2པའི་ཚེས13ཉིན་མཚོ་བྱང་ཁུལ་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ2ནད་གཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པ་དང་། ནད་པ་དྲག་སྐྱེད་དང་བདེ་ཐང་ཡོང་ཆེད། མཚོ་བྱང་ཁུལ་བོད་སྨན་ཁང་དང་འཇུ་ལག་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་ཆེད་མཁས་པ་སྐོང་འཐེན་བྱས་ཏེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་མཉམ་འབྲེལ་གྱི་ཆེད་མཁས་པའི་ཚན་ཆུང་བཙུགས་ཏེ་དྲག་སྐྱེད་མི་སྣའི་ཁྱིམ་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དཔྱད་བཅོས་ལས་དོན་གཏིང་ཟབ་སྤེལ་ནས་ཀྲུང་ལུགས་རྩྭ་སྨན་དང་བོད་སྨན་རིན་མེད་མཁོ་འདོན་བྱས་པ་རེད། སེམས་ཁམས་ལ་ཐེ་གཏོགས་བྱས་ནས་ནད་པའི་སེམས་ཁྲལ་དང་བློ་འཚབ་པའི་སེམས་ཁམས་ལ་སེམས་གསོ་བྱས་ཏེ། སེམས་ཁམས་ཀྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་བར་རོགས་རམ་བྱས། དྲག་སྐྱེད་བརྒྱུད་རིམ་ནང་ཆེད་མཁས་པའི་ཚན་ཆུང་གིས་ནད་པའི་ནད་ཐོག་སྨན་བཅོས་ཀྱི་ཁྱད་ཆོས་དང་དེའི་རིམ་འགྱུར་ཆོས་ཉིད་ལ་ཕྱོགས་སྡོམ་དང་འཚོལ་ཞིབ་ནན་ཏན་བྱས་ན། གློ་ཚད་སྨན་བཅོས་དང་དྲག་སྐྱེད་བརྒྱུད་རིམ་ཁྲོད་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འཇུག་སྒོ་དང་ཕན་འབྲས་ལ་དབྱེ་ཞིབ་བྱས་ཏེ་ཚན་རིག་དང་མཐུན་པའི་ཉམས་མྱོང་ཕྱོགས་སྡོམ་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཟུང་འབྲེལ་གྱི་ནད་བརྟག་སྨན་བཅོས་ཇུས་གཞི་རྒྱུན་ཆད་མེད་པར་ཇེ་ལེགས་དང་འཐུས་སྒོ་ཚང་དུ་བཏང་ནས་རིམས་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་ཀྲུང་བོད་ལུགས་གསོ་རིག་གི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།