མཚོ་སྔོན་ནས་བོད་སྨན་སྤྱད་དེ་ཏོག་གསར་གློ་ཚད་འགོག་བཅོས་ཀྱི་བྱ་བར་ཞུགས་པ།

རང་རེའི་དྲ་བའི་འཕྲིན། ཟླ2ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྨན་བཅོས་བྱ་བའི་གསར་འགྱུར་སྒྲོག་སྤེལ་གྲོས་ཚོགས་ཐེངས་བདུན་པ་འཚོགས། ཞིང་ཆེན་བོད་སྨན་ཁང་གི་བོད་སྨན་ཀྲུའུ་རེན་སྨན་པ་པད་མ་རབ་བརྟན་གྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ལ་བོད་སྨན་བཀོལ་དགོས་པའི་སྐོར་ནས་ངོ་སྤྲོད་གནང་།

པད་མ་རབ་བརྟན་གྱིས་ངོ་སྤྲོད་བྱ་རྒྱུར། རང་ཞིང་གི་རིམ་པ་སོ་སོའི་བོད་སྨན་ཁང་དག་གིས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་ལེགས་ཆ་བེད་སྤྱད་ནས། རྒྱུན་ལྡན་གྱི་དུག་སེལ་བྱ་བའི་རྨང་གཞིའི་སྟེང་སྤྲ་བ་དང་ཤུག་ལོ། བོད་སྤོས་སོགས་བདུག་ནས་བོད་སྨན་གྱི་སྲོལ་རྒྱུན་བྱེད་ཐབས་སྤྱད་དེ་དུག་སེལ་བྱ་དགོས་ཟེར། རྨ་ལྷོ་ཁུལ་བོད་སྨན་ཁང་དང་འབའ་རྫོང་བོད་སྨན་ཁང་། དར་མཚོ་རྫོང་བོད་སྨན་ཁང་སོགས་གཞི་རིམ་བོད་སྨན་ཁང་དག་གིས་དུས་ལྟར་ནག་པོ་དགུ་སྦྱོར་དང་ལོ་གྱོན་མ། ནོར་བུ་བདུན་ཐང་སོགས་སྲོལ་རྒྱུན་གྱི་རིམས་འགོག་རིལ་བུ་ཐོན་སྐྱེད་བྱས་ཏེ་རིན་མེད་སྒོས་ས་གནས་རོང་འབྲོག་མང་ཚོགས་ལ་གནང་། དེ་མིན་སྨན་བཅོས་སྒྲིག་གཞི་སོ་སོའི་རིམ་པ་དང་པོའི་སྨན་བཅོས་མི་སྣ་དང་རིམས་འགོག་ཞིབ་བཤེར་ས་ཚིགས། ཁོར་སྲུང་ལས་བཟོ་པ། དེ་མིན་ལམ་སྲུང་ལས་རྐང་སྟེང་གི་སྤྱི་བདེ་དྲག་ཆས་ཉེན་རྟོག་བློ་མཐུན་དག་ལ་གནང་ནས་དུས་ལྟར་འཐུང་དུ་བཅུག

ཞིང་ཆེན་བོད་སྨན་ཁང་གིས་ཏོག་གསར་གློ་ཚད་སྔོན་འགོག་གི་རྒྱུན་ཤེས་སྐོར་གྱི་བོད་ཡིག་གི་གློག་རྡུལ་ལག་དེབ་རྩོམ་སྒྲིག་དང་། རྒྱ་བོད་སྐད་གཉིས་ཀྱི་ཏོག་གསར་རིམས་ནད་གློ་ཚད་འགོག་སྲུང་ཐད་ཀྱི་ཚན་རིག་དང་མཐུན་པའི་འགུལ་རིས་ཡང་སྨན་ཁང་ནང་དུ་མངགས་ཉོ་དང་ཁྱབ་སྤེལ་བྱས། ས་གནས་སྲིད་གཞུང་གི་ཞིབ་བཤེར་ཆོག་མཆན་ཐོབ་པ་བརྒྱུད། མགོ་ལོག་ཁུལ་བོད་སྨན་ཁང་གི་སྨན་བཅོས་སྡེ་ཚོགས་དང་འབྲི་སྟོད་རྫོང་བོད་སྨན་ཁང་སོགས་ཁུལ་དང་རྫོང་རིམ་པའི་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་དག་གིས་ཨ་མདོའི་སྐད་དང་ཁམས་པའི་སྐད་ཀྱི་རིམས་འགོག་སྤྱི་ཕན་དྲིལ་སྒྲོག་བརྙན་རིས་ཕབ་སྐྲུན་བྱས་ཏེ་དྲ་སྟེང་དུ་ཤར་གཏོང་བྱས་ནས། ཆེས་ཐོག་མའི་དུས་ཚོད་ནང་གཞི་རིམ་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བལྟས་ནས་གོ་ཐུབ་པ་དང་ལག་ལེན་བེད་སྤྱོད་བྱེད་དུ་བཅུག

རང་ཞིང་གི་ཏོག་གསར་གློ་ཚད་ཁྲོད་ཀྱི་ཀྲུང་བོད་ལུགས་གསོ་རིག་ཟུང་འབྲེལ་བྱེད་པའི་མྱུར་སྐྱོབས་བྱ་བའི་བླང་བྱ་གཞིར་བཟུང་ནས། ཞིང་ཆེན་རིམ་པའི་ཆེད་མཁས་ཚན་ཆུང་གི་བོད་སྨན་ཆེད་མཁས་པ་དག་རང་ཞིང་གི་ནད་རྟགས་ངོས་འཛིན་གྲོས་ཚོགས་ཀྱི་གོ་རིམ་ཧྲིལ་བོ་དང་མྱུར་སྐྱོབས་བྱ་བར་ཞུགས། དེ་དང་ཆབས་ཅིག ཞིང་ཆེན་བོད་སྨན་ཁང་དང་མཚོ་བྱང་ཁུལ་བོད་སྨན་ཁང་གི་བོད་སྨན་ཆེད་མཁས་ཚན་ཆུང་རང་འགུལ་ངང་རིམས་ནད་འགོག་སྲུང་བྱ་བའི་གཡུལ་འཐབ་ཁྲོད་ཞུགས་སྟེ། རང་ཞིང་གི་ནད་རྟགས་ངོས་འཛིན་དང་ནད་པ་དྲག་སྐྱེད་ཐད་ལ། བོད་སྨན་གྱི་བདེ་སྲུང་སྨན་བཅོས་བྱས།

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་། ཞིང་ཆེན་བོད་སྨན་ཁང་གི་ཞིབ་འཇུག་གླིང་གི་བོད་ལུགས་གསོ་རིག་སྨན་རྫས་སློབ་ཁྲིད་དང་ཚན་རྩལ་ཞིབ་འཇུག་ལས་ཁུངས་སོགས་ཀྱིས། རང་ཞིང་གི་བོད་སྨན་གསར་སྤེལ་གྱིས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་སྟེགས་བུར་གཞི་བཅོལ་ནས། བོད་ལུགས་གསོ་རིག་སྨན་རྫས་ཀྱིས་ཏོག་གསར་གློ་ཚད་སྔོན་འགོག་དང་སྨན་བཅོས་བྱེད་པ་སོགས་ཀྱི་བརྗོད་དོན་ལ་ཞིབ་འཇུག་བྱས།

པད་མ་རབ་བརྟན་གྱིས་ངོ་སྤྲོད་བྱ་རྒྱུར། རྒྱལ་སྨན་སློབ་དཔོན་ཆེན་མོ་ཉི་མ་མཆོག་གིས་སྐུ་དངོས་སུ་མཛུབ་སྟོན་འོག་ནག་པོ་དགུ་སྦྱོར་གྱི་སྨན་རྫས་ཁུག་མ3500ལས་སྣོན་བྱས་ཞིང་། ཧུའུ་པེ་ཞིང་ཆེན་ལ་ཁུག་མ1000ཞལ་འདེབས་སུ་གནང་། ཞིང་ཆེན་གྱི་སྨན་བཅོས་ལས་ཁུངས་དག་ལ1200 ཧུའུ་པེ་ལ་རོགས་སྐྱོར་དུ་སོང་བའི་རིམ་པ་དང་པོའི་སྨན་བཅོས་རུ་དཔུང་ལ140བཅས་གནང་ཡོད་ཟེར།

དེ་ལས་གཞན་ཚན་རྩལ་ཞིབ་འཇུག་ལ་ཤུགས་སྣོན་བྱེད་ཆེད། བོད་སྨན་གྱི་རིམས་ནད་སྔོན་འགོག་སྨན་བཅོས་ཚན་ཁག་གིས་ཚན་རྩལ་ཞིབ་འཇུག་གི་ནུས་ཤུགས་ཆེས་ཆེར་བཏང་སྟེ། མགྱོགས་མྱུར་ངང་ཆེད་མཁས་པ་དང་ཚན་རྩལ་མི་སྣ་བསྡུ་རུབ་སྒོས། ཞིང་ཆེན་ཚན་རྩལ་ཐིན་གྱི་ཏོག་གསར་གློ་ཚད་བཅོས་སྐྱོང་ཡོངས་འགྲུབ་བྱ་ཆེད། “ནག་པོ་དགུ་སྦྱོར་གྱི་ལས་སྣོན་ཐེངས་གཉིས་པའི་འགོ་བརྩམས་སྟེ། ནད་དུག་རང་བཞིན་གྱི་གློ་ཚད་ལ་ནད་ཐོག་སྔོན་འགོག་ཚོད་འཛིན་བྱེད་པའི་ཕན་འབྲས་དཔྱད་འཇོག་གི་ལས་གཞི”ལེགས་སྒྲིག་དང་དཔྱད་སྡུར། རེ་འདུན་སྙན་ཞུ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ། ད་ལྟ་འབྲེལ་ཡོད་ཞིབ་འཇུག་གི་བྱ་བ་སྤེལ་བཞིན་པའི་སྒང་ཡིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།