ཚོང་ཁང་ནང་གི་ཤ་དང་སྔོ་ཚལ་གྱི་ཐོག་ནད་དུག་འཚོ་ཐུབ་བམ།

སྒོ་རྩིས་ཚོང་ཁང་ནང་གི་སྔོ་ཚལ་དང་ཤ། ཤིང་ཏོག་བཅས་ལ་མི་མང་པོས་ལག་པས་རེག་བཞིན་ཡོད་པས། ཏོག་དབྱིབས་གློ་ཚད་གསར་བའི་ནད་དུག་བཟའ་བཅའ་དེ་དག་གི་སྟེང་ལ་འཚོ་གནས་ཐུབ་བམ་ཞེས་པའི་དྲི་བ་ཞིག་ཉེ་དུས་མི་སྐོར་ཞིག་གིས་བཏོན་ཡོད་པས། གསར་འགོད་པས་ཧོ་ནན་ཚན་རྩལ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པའི་འགོས་ནད་ཚན་ཁག་གི་སྨན་པ་སུང་ལགས་ལ་བཅར་འདྲི་ཞུས་པས། ཚང་མའི་དོགས་གཞི་དེ་སྨན་པ་ཁོང་གིས་སེལ་བ་རེད།

དང་པོ། སྔོ་ཚལ་དང་ཤ། ཤིང་ཏོག་བཅས་ཀྱི་སྟེང་དུ་ནད་དུག་འཚོ་ཐུབ་བམ།

གཞུང་ལུགས་ཀྱི་ངོས་ནས་བཤད་ན་ཏོག་གསར་གློ་ཚད་ཀྱི་ནད་དུག་དེ་སྔོ་ཚལ་དང་ཤ། ཤིང་ཏོག་བཅས་ཀྱི་སྟེང་འཚོ་གནས་ཐུབ་བྱེད་མོད། འོན་ཀྱང་དུས་ཡུན་རིང་པོ་ཞིག་ལ་འཚོ་གནས་བྱེད་མི་ཐུབ། དེར་མ་ཟད་ཟས་གཡོ་སྦྱོར་སྐབས་ཚ་རླངས་ཀྱིས་ནད་དུག་དེ་དག་འཇོམས་སྲིད།

གཉིས་པ། ཚོང་ཟོག་ཉོ་སྐབས་གནད་དོན་གང་དག་ལ་དོ་སྣང་བྱེད་དགོས་སམ།

ཚོང་ཟོག་ཉོ་སྐབས་རབ་ཡིན་ན་སྒོ་རྩིས་ཚོང་ཁང་ནང་གི་འགྱིག་ཁུག་ལག་མགོར་གོན་ནས་ཚོང་ཟོག་ལ་རེག་པ་ལས། ལག་པས་ཚོང་ཟོག་ལ་ཐད་ཀར་མ་རེག་ན་ལེགས།

སྒོ་རྩིས་ཚོང་ཁང་གིས་ཀྱང་ཤ་རྗེན་པ་དང་བཟའ་བཅའ་བཙོས་མ་སོགས་ཁེབས་གཡོག་མེད་པར་གང་བྱུང་བཀྲམ་ནས་མི་འཇོག་པར། བཟའ་བཅའི་སྟེང་རས་འགེབས་པའམ་ཡང་ན་ཤེལ་སྒྲོམ་ནང་བཅུག་སྟེ་དེ་དག་གི་ཐོག་མཆིལ་ཟེགས་སོགས་མི་འཐོར་བ་བྱེད་དགོས།

དེ་མིན་སྒོ་རྩིས་ཚོང་ཁང་ལ་ཕེབས་ཐེངས་རེར་ཚོང་ཟོག་མང་ཙམ་ཉོས་ཏེ། ཚོང་ཁང་ལ་འགྲོ་བའི་ཐེངས་གྲངས་ཉུང་དུ་གཏོང་དགོས།

གསུམ་པ། ཕྱི་ནས་ཉོས་པའི་ཟས་རིགས་ཁྱིམ་དུ་ཁྱེར་འོངས་རྗེས་འཕྲལ་དུ་མི་ཟ་བར་ཅུང་ཙམ་བཞག་ནས་ཟོས་ན་ལེགས་སམ།

དེ་ཡང་ཤ་དང་སྔོ་ཚལ་གྱི་ཉར་ཚགས་དུས་ཡུན་རིང་དྲགས་ན། དེ་དག་གི་སྟེང་དུ་འབུ་ཕྲ་སྐྱེ་འཕེལ་བྱེད་སྲིད་པས། དུས་ཡོལ་ཟས་རིགས་ཟོས་ན་ལུས་ཕོངས་ལ་གནོད་པ་དེ་བས་ཆེ།

ཚན་རིག་དང་མཐུན་པའི་ཟ་སྟངས་ནི་ཤ་དང་སྔོ་ཚལ། ཤིང་ཏོག་སོགས་མ་ཟོས་སྔོན་ལ་ཆུ་ནང་དུ་གཙང་མར་བཀྲུ་དགོས། ཤ་དང་ཚལ་རིགས་རྗེན་པར་བཟའ་མི་རུང་བར་ངེས་པར་དུ་བརྔོ་བའམ་བཙོས་ཏེ་བཟའ་དགོས། ཤིང་ཏོག་གི་པགས་པ་བཤུ་དགོས་པ། གྲང་ཚལ་དང་རྗེན་ཚལ་བཟའ་མི་རུང་བ་བཅས་སོ།

བཞི་པ། ཕྱི་ལ་ཉུང་དུ་འགྲོ་ཆེད་དྲ་སྟེང་ནས་སྔོ་ཚལ་དང་ཤིང་ཏོག་སོགས་ཉོས་ན་འགྲིག་གམ།

དྲ་སྟེང་ནས་ཉོ་སྒྲུབ་བྱེད་པའི་ཟས་རིགས་དེ་དག་ལས་སྣོན་བྱེད་ཡུལ་ནས་ཐད་ཀར་བསྐུར་བ་ཡིན་ན། ཟས་རིགས་སྒོ་རྩིས་ཚོང་ཁང་དུ་སྐུར་བ་དང་། ཚོང་རའི་སྒྲོམ་གཞིའི་ནང་བསྒྲིགས་པ། འཛད་སྤྱོད་པས་འདེམ་པ་སོགས་ཀྱི་བར་བརྒྱུད་ལྷུ་ཚིགས་མང་པོ་བརྒྱུད་མི་དགོས་པས། ཟས་རིགས་དེ་རིགས་ལ་སྦགས་བཙོག་ཤོར་བའི་ཉེན་ཁ་ཅུང་ཆུང་བས། དེ་ནི་ཐབས་ཤེས་བཟང་པོ་ཞིག་ཡིན་པས་ཚོད་ལྟ་གནང་ན་འགྲིག་པ་བཅས་ཡིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།