རང་ཞིང་གིས་སྡེ་ཚན་མང་དག་ལ་དམིགས་འབེན་ཐབས་ཇུས་བཏོན་ནས་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2ཚེས12ཉིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་ཁེ་ལས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས《ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་སྐབས་སུ་ངལ་རྩོལ་འབྲེལ་བ་གཏན་འཇགས་ཡོང་བ་དང་ཁེ་ལས་ཀྱི་ཐོན་སྐྱེད་འགོ་བརྩམས་པར་རྒྱབ་སྐྱོར་བྱེད་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ། ལས་མི་དང་གླ་ཕོགས་ཆད་ཤོར་མི་ཡོང་བ་དང་། ཁེ་ལས་ཀྱི་འགན་ཁུར་ཇེ་ཡང་དུ་གཏོང་བ།ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏང་བ་སོགས་ནས་བྱེད་ཐབས་ཞིབ་ཕྲ་བཏོན་ཏེ་ཁེ་ལས་ཀྱི་ལས་སྒྲུབ་དང་ཐོན་སྐྱེད་འགོ་རྩོམ་པར་རྒྱབ་སྐྱོར་ཆེན་པོ་བྱ་རྒྱུ་རེད།

ལས་འགོ་རྩོམ་པའི་སྔ་རོལ་དུ། དྲ་སྒང་ནས་གཞུང་སྒྲུབ་ཐུབ་པའི་ཆ་རྐྱེན་ལྡན་པ་རྣམས་ཀྱིས་ཁྱིམ་དུ་གཞུང་བསྒྲུབ་བྱ་ཆོག་པ་དང་། ཆ་རྐྱེན་དེ་མེད་པ་རྣམས་ཕོགས་དངུལ་ཡོད་པའི་ཐོག་ནས་ངལ་གསོ་རྒྱག་ཏུ་འཇུག་དགོས་ལ། ཁེ་ལས་ནས་གནས་ཚུལ་ལ་གཞིགས་ནས་ཕན་བདེ་ངལ་གསོ་སོགས་གུང་གསེང་རིགས་བཀོད་སྒྲིག་བྱ་ཆོག ལས་འགོ་བརྩམས་རྗེས། ལས་ཚོགས་དུས་ཚོད་དམ་ལས་ཞུགས་མི་སྣ་སྔ་ནུར་ལ་སོགས་བབ་བསྟུན་གྱི་བཀོད་སྒྲིག་ལུགས་མཐུན་བརྒྱབ་ཆོག སྲིད་གཞུང་གི་རིམས་འགོག་ལས་འགན་ཡོད་མཁན་གྱི་ཁེ་ལས་ཀྱིས་ལས་ཀའི་དུས་ཚོད་འོས་འཚམ་ཇེ་རིང་དུ་བཏང་ནས་འཕྲལ་བསྟུན་ཐོན་སྐྱེད་བྱས་ཆོག་ལ། དེར་ཁྲིམས་ཀྱི་ཚད་བཀག་མེད། ལས་ཀ་བ་

བཀར་འཇུག་གམ་འཕྲལ་བསྟུན་བྱེད་ཐབས་སྤྱད་ཡོད་པའི་བར་སྐབས་སུ་ཁེ་ལས་ནས་གང་འདོད་དུ་ངལ་རྩོལ་གན་རྒྱ་བེད་མེད་དུ་བཟོ་བའམ་གཞན་ནས་མངག་བཀོད་མཛད་པའི་མི་སྣ་ཁེ་ལས་ནས་ཕྱིར་གཏང་མི་ཆོག

ནད་ཡམས་ཀྱི་རྐྱེན་གྱིས་ཐོན་སྐྱེད་གཉེར་སྐྱོང་དཀའ་ཁག་ལ་སྦྱར་ཡོད་པའི་ཁེ་ལས་ལ་ཡར་སྐུལ་ཐོག་གླ་ཕོགས་སྙོམས་སྒྲིག་དང་ལས་ཐོག་ཞུགས་རེས། ལས་ཀའི་དུས་ཡུན་ཇེ་ཐུང་དུ་གཏོང་བ་ལ་སོགས་གང་རུང་ལམ་ནས་ལས་གནས་སྲུང་དུ་འཇུག་དགོས། གནས་སྐབས་སུ་ཕོགས་དངུལ་སྤྲོད་ཐབས་བྲལ་བའི་ཁེ་ལས་ཀྱིས་ལས་མི་བར་ལ་གླ་ཕོགས་སྤྲོད་པའི་དུས་ཚོད་ཕྱི་བསྣུར་བྱེད་དགོས་པར་གྲོས་བྱས་ཏེ་ཁེ་ལས་ཀྱི་མ་དངུལ་འཁོར་སྐྱོད་ལེགས་པོ་ཐུབ་པར་ཐབས་བཀོལ་འཐེན་དགོས། ནད་ཡམས་འགོས་པའམ་དོགས་ཡོད་ནད་པ། འབྲེལ་འདྲིས་ཟབ་པའི་བཀར་འཇུག་ལས་བཟོ་བ་ཡོད་ཚེ། གླ་ཕོགས་རྒྱུན་ལྡན་བཞིན་སྟེར་དགོས། བཀར་འཇུག་གི་དུས་ཚོད་ལོངས་རྗེས་སུ་ད་དུང་ནད་བཅོས་བྱེད་དགོས་ལས་བཟོ་བ་ཡོད་ཚེ་སྨན་བཅོས་སྐབས་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་གླ་ཕོགས་སྤྲད་དགོས།

ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏང་ཆེད། དྲ་ཐོག་གི་ཞབས་ཞུ་བསྡུ་ལེན་ལ་ཤུགས་སྣོན་ཞོར་བསམ་བཞིན་དུ་ངལ་རྩོལ་པའི་ལས་བསྡུའི་རིན་པ་ཇེ་མཐོར་གཏོང་བའི་བྱ་སྤྱོད་སོགས་ལ་ཚ་རྡུང་ནན་མོ་བཏང་ནས་ཁེ་ལས་ཀྱི་ལས་བསྡུ་མ་རྩའི་ཁུར་བོ་ཇེ་ཡང་དུ་གཏང་རོགས་བྱ་དགོས། ལས་ཤོར་ཉེན་འགོག་དང་། ཟབ་སྦྱོང་གི་གྲོན་གསབ། ཁེ་ལས་ཆུང་ངུའི་བཟོ་ཚོགས་ཀྱི་འགྲོ་གྲོན་རྒྱབ་སྐྱོར། ཁེ་ལས་ཚོགས་པའི་ཚོགས་རིན། བཟོ་ཚོགས་ཀྱི་རིམས་འགོག་ཆེད་དངུལ་ལ་སོགས་བཀོལ་སྤྱོད་གང་ལེགས་བྱས་ནས་ཁེ་ལས་ཀྱི་ལས་གནས་བརྟན་སྲུང་གི་མ་རྩའི་འགན་དེ་ལུགས་མཐུན་ཐོག་བགོ་དགོས།

ཞབས་ཞུ་ནུས་པ་མཐོར་འདེགས་སུ་གཏང་དགོས། ངལ་རྩོལ་པའི་སློབ་སྟོན་ཞབས་ཞུ་ལ་ཤུགས་བསྣན་དང་ཞུ་གཏུག་སྟབས་བདེར་བཟོས་ཏེ། རྩོད་གཞི་དག་གྲོས་མོལ་དང་འདུམ་འགྲིག་གི་ལམ་ནས་ཐག་གཅོད་བྱེད་པ་དང་། ངལ་རྩོལ་འགན་སྲུང་གི་ཞིབ་དཔྱོད་ཁྲིམས་བསྟར་ལ་བརྟེན་ནས་ངལ་རྩོལ་འབྲེལ་བའི་འགལ་བ་ཐག་གཅོད་བྱ་དགོས། གཟེངས་རྟགས་བྱ་དགའི་ཐད་ནས་འཆམ་མཐུན་ངལ་རྩོལ་འབྲེལ་བ་གསར་འཛུགས་བྱེད་སྒོའི་དཔྱད་བསྡུར་དང་། ངལ་རྩོལ་དཔེ་ལེགས་མི་སྣ་དཔྱད་འདེམས། ལྔ་གཅིག་ངལ་རྩོལ་གཟེངས་རྟགས། ཕུལ་བྱུང་ཁེ་ལས་དང་ཕུལ་བྱུང་ཁེ་ལས་པའི་དཔྱད་འདེམས་ལ་སོགས་ལས་ཀའི་ཁྲོད་རིམས་འགོག་ཚོད་འཛིན་ཀྱི་གནད་འགག་གི་དུས་ལ་ངལ་རྩོལ་འབྲེལ་བ་གཏན་འཇགས་ཡོང་བར་ཐད་ལག་རྗེས་འཇོག་མཁན་གྱི་ཁེ་ལས་དང་མི་སྒེར་ལ་གཟེངས་རྟགས་བྱ་དགའ་གནང་ནས། རྒྱ་ཆེའི་ཁེ་ལས་དང་ལས་བཟོ་བས་རིམས་འགོག་གི་འཐབ་རྩོད་ཁྲོད་མ་སྐུལ་དང་ལེན་གྱི་སྒོ་ནས་ལས་གནས་བརྟན་སྲུང་དང་འགན་འཁྲི་ཁུར་ལེན་གྱི་སྤྱོད་བཟང་ལ་སྐུལ་འཁྲིད་ཡག་པོ་བྱ་དགོས།

ཁོན་ཐར་འཚོས་བསྒྱུར།