མཚོ་སྔོན་གྱིས་ཝུའུ་ཧན་ལ་རིན་གོང་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་གི་དངོས་ཟོག་ཞལ་འདེབས་སུ་ཕུལ།

ཝུའུ་ཧན་ལ་ཞལ་འདེབས་སུ་ཕུལ་བའི་དངོས་ཟོག་འདྲུད་པའི་རླངས་འཁོར་རུ་ཁག་སྐྱེལ་མ་བྱེད་པའི་མཛད་སྒོ་ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་མཚོ་ཤར་མགྱོགས་བགྲོད་གཞུང་ལམ་དངུལ་བསྡུ་ས་ཚིགས་སུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་ཚོད་འཛིན་དང་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་ཝུའུ་ཧན་ལ་ཞལ་འདེབས་དངོས་ཟོག་འདྲུད་པའི་རླངས་འཁོར་ལམ་ལ་ཆས་པ་ཁྱབ་བསྒྲགས་བྱས་པར་མ་ཟད་རླངས་འཁོར་རུ་ཁག་ལ་སྐྱེལ་མ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་ཚོད་འཛིན་དང་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་སྐྱེལ་མ་བྱེད་པའི་མཛད་སྒོར་འགོ་མཛིན་བྱས།

ཧུའུ་པེ་ལ་རོགས་སྐྱོར་བྱེད་རྒྱུ་ནི་མཚོ་སྔོན་གྱི་འགན་འཁྲི་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་བཀོད་སྒྲིག་བཟང་བོ་བྱས་ལ། འབྲེལ་ཡོད་སྡེ་ཁག་གིས་ཉིན་མཚན་མེད་པར་རོགས་སྐྱོར་དངོས་ཟོག་གྲབས་གསོག་བྱས་པ་དང་། མཚོ་སྔོན་ཡུས་ཐའེ་ཕྱུགས་ལས་ཐོན་རྫས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཨ་ཆེན་གངས་རྒྱབ་ཁེ་ལས་གསར་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཐེན་ལུའུ་འོ་ལས་ཚད་ཡོད་ཀུང་འགན་ལེན་ཀུང་ཟི་སོགས་མཚོ་སྔོན་གྱི་ཁེ་ལས་མང་པོས་དང་ལེན་བྱས་ནས། སྐམས་ཤ་དང་ལུག་ཤ་ཏུན་ལྔ་བཅུ་དང་ཤ་སྐམ་ཏུན་བཅུ་དྲུག ཞོ་ཏུན་ཞེ་བཞི། ཀ་ར་ཀོ་རེ་སྒམ་བཞི་བརྒྱ་དང་གོ་གསུམ། ཐུག་སྐམ་སྒམ་སུམ་བརྒྱ་དང་ལྔ་བཅུ། 84དུག་སེལ་སྨན་ཏུན་ང་བཞི་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱིས་ཞལ་འདེབས་སུ་ཕུལ་བའི་དབྱར་རྩྭ་དགུན་འབུ་སོགས་རིན་གོང་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་གི་ཞལ་འདེབས་དངོས་ཟོག་ཧུའུ་པེ་རུ་སྐྱེལ་ནས། ཧུའུ་པེ་ཡིས་རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ལེན་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་སྟོབས་ཤུགས་འབུལ་རྒྱུ་རེད།

ལིག་ཉིང་གིས་སྐྱེལ་མ་བྱེད་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཚེས་བཅུ་གཉིས་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་། དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་དེ། རིམས་ནད་ཀྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཚོད་འཛིན་དང་འགོག་བཅོས་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས། མིག་སྔར། རིམས་ནད་ཚོད་འཛིན་དང་འགོག་བཅོས་བྱ་བ་དེ་ཆེས་གནད་འགག་གི་དུས་རིམ་དུ་སླེབས་ཡོད་པས། གཙོ་གནད་འབུར་ཐོན་བྱེད་པ་དང་གཅིག་གྱུར་འཆར་འགོད་དང་ཕྱོགས་གཉིས་ལྟ་རྟོག་བྱེད་པ། རིགས་བགར་ནས་མཛུབ་སྟོན་བྱེད་པ། ཁུལ་བགོས་ནས་སྲིད་ཇུས་སྤྱོད་པའི་རེ་བ་ལྟར། རིམས་ནད་ཚོད་འཛིན་དང་འགོག་བཅོས་དང་དངོས་ཟོག་མཁོ་འདོན་འགན་སྲུང་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་ལ་དམ་འཛིན་བྱེད་དགོས། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་རིམས་ནད་ཚོད་འཛིན་དང་འགོག་བཅོས་བྱེད་པའི་ས་ཆ་གཙོ་བོ་ཡིན་པ་དང་། ཝུའུ་ཧན་གྱིས་རྒྱལ་ཁ་བླངས་ན་ཧུའུ་པེ་ཡིས་རྒྱལ་ཁ་བླངས་པ་ཡིན་ལ། ཧུའུ་པེ་ཡིས་རྒྱལ་ཁ་བླངས་ན་རྒྱལ་ཡོངས་ཀྱི་རྒྱལ་ཁ་བླངས་པ་ཡིན་ཞེས་གསུང་ཡོད་པས། ང་ཚོས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་ནས། རྒྱལ་ཡོངས་དང་མཐུན་སྒྲིལ་གཅིག་སེམས་བྱེད་པ་དང་། རང་ཉིད་ཅི་ལྕོགས་ཀྱིས་ཧུའུ་པེ་ལ་རོགས་སྐྱོར་བྱེད་དགོས་ཟེར།

ལིག་ཉིང་གིས་བཤད་རྒྱུར། རིམས་ནད་ཚོད་འཛིན་དང་འགོག་བཅོས་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ནམ་ཡང་ཧུའུ་པེ་ཡི་རིགས་སོ་སོའི་མི་དམངས་ལ་སེམས་ཁུར་བྱེད་ཀྱིན་ཡོད། སྔོན་ཏག་ཏག་ལ། མཚོ་སྔོན་གྱིས་ཧུའུ་པེ་ཞིང་ཆེན་ལ་སྨན་བཅོས་རུ་ཁག་སྐོར་གཉིས་དང་ཞིང་ཆེན་རྒྱ་གྲམ་དམར་པོའི་རོགས་སྐྱོར་རུ་ཁག་བཅས་བསྡོམས་པས་སྨན་བཅོས་མི་སྣ་ཉིས་བརྒྱ་དང་ཞེ་དགུ་མངག་པ་དང་། མི་འགྱངས་པར་གཏོང་རྒྱུ་ཡིན་པའི་དངོས་ཟོག་སྐྱེལ་འདྲེན་རུ་ཁག་ནི་བརྩེ་སེམས་ཀྱི་ཤུགས་མཐུད་པ་དང་བརྒྱུད་སྒྲོག་པ་ཡིན་ལ། ཁྱེད་ཚོས་དཀའ་སྡུག་ལ་མི་འཛེམ་པར་མཚོ་སྔོན་མི་དམངས་ཀྱི་སེམས་ཁུར་དང་འཚམས་འདྲི་དུས་ལྟར་ཧུའུ་པེ་ལ་སྐྱེལ་བ་དང་། ཁྱེད་ཚོས་རང་ཉིད་ཀྱི་ལུས་ཕུང་ལ་གཅེས་སྤྲས་བྱས་ནས་བདེ་འཇགས་ངང་ཕྱིར་ཕ་ཡུལ་དུ་ལོག་པའི་རེ་བ་བཅངས་ཡོད་ཟེར།