རང་ཞིང་གིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་ཚད་གཞི་སླར་ཡང་མཐོ་རུ་བཏང་བ། 

རང་རེའི་དྲ་བའི་འཕྲིན་ལྟར་ན། སྤྱི་ཚོགས་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ནས་དཀའ་ངལ་ཡོད་པ་དང་ཉམས་ཞན་ཆེ་ཤོས་ཀྱི་ཚོགས་སྤྱིའི་གཞི་རྩའི་འཚོ་བའི་མཐའ་སྐྱོང་འགན་ལེན་དྲ་བ་སྔར་བས་བརྟན་པོ་བཟོ་ཆེད། ཉེ་ཆར་ཞིང་ཆེན་དམངས་སྲིད་ཐིན་གྱིས《2020ལོའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བ་དང་ལྟ་སྐྱོང་གི་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། 2020ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་ལེགས་སྒྲིག་དང་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། 

དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དང་ལྟ་སྐྱོང་གི་ཚད་གཞི་དེ། ལོ་དེའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་དང་ཞིང་ཆེན་ཡོངས་ཀྱི་མ་མཐའི་གླ་ཕོགས་ལེགས་སྒྲིག་དང་མཐོ་རུ་ཕྱིན་པ་དང་བསྟུན་ནས་རང་ཤུགས་ངང་འཕར་བའི་ལམ་སྲོལ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 2020ལོར་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་དང་ཞིང་ཆེན་ཡོངས་ཀྱི་གླ་ཕོགས་དམའ་ཤོས་སོ་སོར་ཟླ་རེར་སྒོར640དང་ཟླ་རེར་སྒོར1700བར་མཐོ་རུ་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཚད་གཞི་ལེགས་སྒྲིག་འོས་འཚམ་བྱ་རྒྱུ་རེད། གཞི་རྩའི་འཚོ་བའི་ཚད་གཞི་དེ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞིའི་ལྡབ1.5མཐོ་རུ་བཏང་ནས་ཟླ་རེར་མི་རེར་ཆ་སྙོམས་སྒོར960ཟིན་པ་དང་། ལྟ་སྐྱོང་དང་ནད་སྐྱོང་གི་ཚད་གཞི་དེ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རང་མགོ་ཐོན་པའི་ནུས་པ་དང་ཞབས་ཞུའི་དགོས་མཁོ་གཞིར་བཟུང་རིགས་དབྱེ་ནས་བཟོས་ཏེ་ནུས་ཤོར་དང་། ནུས་ཤོར་འབྲིང་རིམ། ནུས་ཤོར་ཚབས་ཆེན་བཅས་ཀྱི་མི་སྣར་ཞིང་ཆེན་ཡོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི20%དང་། 30%དང་། 50%བཅས་ཀྱི་རིམ་པ་དབྱེ་ནས་གཏན་འཁེལ་བྱས་ཤིང་། ནུས་ཤོར་ཚབས་ཆུང་བའི་མི་སྣར་ལྟ་སྐྱོང་དང་ནད་སྐྱོང་གི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར340དང་། ནུས་ཤོར་འབྲིང་བའི་མི་སྣར་ལྟ་སྐྱོང་དང་ནད་སྐྱོང་གི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར510ནུས་ཤོར་ཚབས་ཆེན་བྱུང་བའི་མི་སྣར་ལྟ་རྟོག་དང་ནད་སྐྱོང་གི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར850ཟིན་ཡོད་པ་རེད། 

དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་རོགས་སྐྱོབ་མ་དངུལ་དེ་གཙོ་བོ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རྒྱུན་གཏན་འཚོ་བའི་དགོས་མཁོ་སྐོང་བའི་ཐད་སྤྱོད་རྒྱུ་ཡིན་པ་དཔེར་ན། འབྲུ་སྣུམ་དང་། ཞོར་ཟས། འཚོ་བར་སྤྱོད་པའི་ཆུ་གློག་དང་འབར་རྫས། གྱོན་ཆས། ཉལ་ཆས་སོགས་འཚོ་བའི་མཁོ་ཆས་ཉོ་རྒྱུ་ཡིན་པ་རེད། ལྟ་སྐྱོང་དང་ནད་གཡོག་གི་ཁ་གསབ་མ་དངུལ་དེ་གཙོ་བོ་གཉེན་ཉེ་དང་ཕྱོགས་གསུམ་པའི་ཞབས་ཞུའི་སྒྲིག་གཞི་སོགས་ལ་མངགས་བཅོལ་བྱས་ནས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་བ་རང་རྐྱ་ཐུབ་པའི་ནུས་པ་དང་ཞབས་ཞུའི་དགོས་མཁོར་གཞིགས་ནས་ལྟ་རྟོག་དང་ནད་གཡོག་བྱེད་པ་དཔེར་ན། རྒྱུན་གཏན་གྱི་འཚོ་བ་དང་སྨན་ཁང་དུ་སྡོད་རིང་དགོས་ངེས་ཀྱི་ལྟ་སྐྱོང་དང་ནད་གཡོག་སོགས་ཀྱི་གཞི་རྩའི་ཞབས་ཞུར་སྤྱོད་རྒྱུ་ཡིན་པ་རེད། འགན་ལེན་ཚད་གཞི་ཁག་གཉིས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དེས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་བའི་དགོས་མཁོ་བསྐང་ཐུབ་པ་མ་ཟད། ནུས་ཤོར་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་བའི་སྤུས་ཚད་ཀྱང་འགན་ལེན་ཡག་པོ་བྱ་ཐུབ་ཡོད། 

ཀླུ་མོས་བསྒྱུར།