རང་ཞིང་གི་མྱུར་སྐྱེལ་ཟོག་འགྲེམས་ཁེ་ལས་ཀྱིས་རྒྱུན་མཐུད་ངང་ལས་གཉེར་སླར་གསོ་བྱས་པ།

རང་རེའི་དྲ་བའི་འཕྲིན་ལྟར་ན། ཟླ2པའི་ཚེས11ཉིན། ད་སྔའི་བར་མཚོ་སྔོན་ཞིང་ཆེན་དུ་ལས་འགོ་བསྐྱར་ཚུགས་བྱས་པའི་མྱུར་སྐྱེལ་ཁེ་ལས་པེ་ཧྲི་དང་། ཡུན་ཏ། ཧོང་མཱ་ཅ། ཚགས་པར་ལས་རིགས། སྡོད་ཁང་མྱུར་སྐྱེལ། ཀྲུང་གོ་ལྕགས་ལམ་བཅས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སྦྲག་སྲིད་ཡོངས་ཁྱབ་ཞབས་ཞུའི་དྲ་ཚིགས་སླར་གསོ་བྱེད་ཚད63.56%ཟིན་ཡོད་ཅིང་། མྱུར་སྐྱེལ་ལས་གཉེར་དྲ་ཚིགས་སླར་གསོ་བྱེད་ཚད14.64%ཟིན་ཡོད་པ་རེད། སྦྲག་སྲིད་དང་། ཧྲུན་ཧྥེང་། ཅིང་ཏུང་སོགས་ཁེ་ལས་ཀྱིས་རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ནས་ལས་གཉེར་བྱེད་མཚམས་བཞག་མེད་པས་ལོ་སར་དུས་ཆེན་རིང་ས་གནས་ཁག་གི་མང་ཚོགས་ཀྱི་གཞི་རྩའི་དགོས་མཁོ་དང་འབྲེལ་ཡོད་རིམས་འགོག་དངོས་ཟོག་བསྐུར་རྒྱུར་འགན་ལེན་ནུས་ལྡན་ཐུབ་ཡོད། 

ད་དུང་ལས་འགོ་ཚུགས་མེད་པའི་མྱུར་སྐྱེལ་ཁེ་ལས་ལ་ཧྲེན་ཐུང་དང་། ཀྲུང་ཐུང་། ཡོན་ཐུང་། ལེན་ཧི། ཏེ་པང་། ཡུག་སུའུ་བཅས་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། ཧྲེན་ཐུང་དང་། ཀྲུང་ཐུང་། ཡོན་ཐུང་། ལེན་ཧི་མྱུར་སྐྱེལ་ཡན་ལག་ལྟེ་གནས་བཅས་ཀྱི་ཙོང་ཁའི་ཀུའེ་ཆང་ཟོག་འགྲེམས་གླིང་ཁུལ་དུ་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་བཀོད་སྒྲིག་ལྟར་གནས་སྐབས་ལས་འགོ་བསྐྱར་ཚུགས་བྱས་མེད་པ་དང་མྱུར་ཚད་ལེགས་པ་དང་ཉིན་ལྟར་མྱུར་སྐྱེལ་སྤྱི་ཁྱབ་པུའུ་ཡིས་ལས་འགོ་བསྐྱར་ཚུགས་བྱེད་པའི་དུས་ཚོད་བརྡ་ཐོ་བཏང་མི་འདུག 

ད་སྔའི་རིམས་ནད་ཀྱི་དམིགས་བསལ་དུས་སྐབས་ལ་དམིགས་ནས་མཚོ་སྔོན་ཞིང་ཆེན་སྦྲག་སྲིད་དོ་དམ་ཅུའུ་ཡིས《རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་དྲ་ཚིགས་བཀོལ་སྤྱོད་ཚད་གཞི(གྲོས་འགོའི་པར་གཞི)》པར་འགྲེམས་བྱས་ཤིང་། ལས་རིགས་ཀྱི་རང་བཤེར་རང་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱས་པ་རེད། སྦྲག་སྐྱེལ་ཁེ་ལས་ལ་ལས་གཉེར་མི་སྣའི་མི་སྒེར་གྱི་འཕྲོད་བསྟེན་འགོག་སྲུང་ལག་བསྟར་ནན་པོ་བྱ་རྒྱུར་སྐུལ་འདེད་དང་། ཁེ་ལས་ཀྱིས་རྒྱུན་གཏན་གྱི་སྲུང་སྐྱོང་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། འགོག་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ། གཞུང་དོན་སྒྲུབ་ས་དང་། ཁག་བགོས་བྱེད་ས། ལས་གཉེར་དྲ་ཚུགས་བཅས་སུ་རླུང་རྒྱུ་བ་དང་། དུག་སེལ། ཉིན་རེར་གྲལ་བཤེར། ཉིན་རེར་སྙན་སེང་ཞུ་བ་བཅས་ཀྱི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་ནས་ལས་རིགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་ལས་སྒྲུབ་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག འཛད་སྤྱོད་ཀྱི་དྲན་སྐུལ་ཡོངས་བསྒྲགས་བྱས་ནས་སྤྱི་དམངས་ལ་འཕྲུལ་ཤེས་མྱུར་སྐྱེལ་སྦྲག་སྒམ་དང་དམིགས་འཛུགས་བསྡུ་ལེན་ས་ཚིགས་སོགས་ཀྱི་བྱ་ཐབས་སྤྱད་དེ་མྱུར་སྐྱེལ་དངོས་པོ་བསྐུར་རྒྱུའི་ཁྲིད་སྟོན་བྱེད་པ་དང་། ངོ་ཐུག་གདོང་འཕྲད་ཀྱིས་འབྲེལ་གཏུག་བྱ་རྒྱུ་ཉུང་དུ་བཏང་ནས། མྱུར་སྐྱེལ་པ་དང་འཛད་སྤྱོད་པར་རིམས་འགོག་གི་བླང་བྱ་ཡག་པོ་བསྒྲུབ་རྒྱུའི་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱི་ཤེས་རྟོགས་དང་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

ཀླུ་མོས་བསྒྱུར།