བཀར་འཇུག་རིང་ཁེ་ལས་ཀྱིས་ལས་བཟོ་པའི་ངལ་རྩོལ་གན་རྒྱ་རང་དགར་ཕྱིར་འཐེན་བྱས་མི་ཆོག

རང་རེའི་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས《ཏོག་གསར་གློ་ཚད་ལ་ཁ་གཏད་ཧུར་ཐག་བྱས་ནས་ངལ་རྩོལ་འབྲེལ་བའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ་བྱ་ཐབས་གསུམ་སྤྱད་དེ་ངལ་རྩོལ་པའི་ཁེ་དབང་འགན་ལེན་བྱས་ཡོད། 

ཁེ་ལས་ཀྱིས་ལས་བཟོ་པའི་ངལ་རྩོལ་གན་རྒྱ་རང་དགར་ཕྱིར་འཐེན་བྱས་མི་ཆོག ཁེ་ལས་ཀྱིས་བཀར་འཇུག་སྨན་བཅོས་བྱེད་རིང་ངམ་ཡང་ན་གསོ་རིག་ལྟ་ཞིབ་བྱེད་རིང་གི་རིམས་ནད་ཕོག་པའི་ནད་པ་དང་།དོགས་ཡོད་ནད་པ། འབྲེལ་འདྲིས་ཆེ་བའི་མི་སྣ། དེ་བཞིན་སྲིད་གཞུང་གིས་བཀར་འཇུག་བྱ་ཐབས་སྤྱོད་པའམ་ཡང་ན་ཛ་དྲག་བྱ་ཐབས་གཞན་དག་སྤྱད་ནས་རྒྱུན་གཏན་གྱི་ལས་ཞུགས་དང་ངལ་རྩོལ་བྱ་ཐབས་མཁོ་འདོན་བྱེད་མི་ཐུབ་པའི་ཁེ་ལས་ཀྱི་ལས་བཟོ་པས་རང་དགར་ལས་བཟོའི་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱེད་མི་ཆོག་པ་དང་། གོང་གསལ་མི་སྣའི་རིམས་ནད་སྐབས་སུ་ངལ་རྩོལ་གན་རྒྱའི་དུས་ཚོད་ལ་ཐོན་པ་དང་། ངལ་རྩོལ་གན་རྒྱའི་དུས་ཚད་རྗེས་ལ་སྣུར་ནས་ལས་བཟོའི་སྨན་བཅོས་དུས་ཚོད་ལ་ཐོན་པ། གསོ་རིག་ལྟ་ཞིབ་དུས་ཚོད་ལ་ཐོན་པ། བཀར་འཇུག་དུས་ཚོད་ལ་ཐོན་པའམ་ཡང་ན་སྲིད་གཞུང་གིས་སྤྱད་པའི་ཛ་དྲག་བྱ་ཐབས་མཇུག་འགྲིལ་དགོས། 

ལས་བཟོ་པའི་གླ་ཕོགས་ཀྱི་ཐོབ་ཆའི་ཁེ་དབང་འགན་སྲུང་ཏན་ཏིག་བྱ་དགོས། རིམས་ནད་ཕོག་པའི་ནད་པ་དང་། དོགས་གཞི་ཆེ་བའི་ནད་པ། དེ་བཞིན་འབྲེལ་འདྲིས་ཆེ་བའི་མི་སྣ་བཅས་ལ་ལོགས་སུ་བཀར་འཇུག་བྱས་ནས་སྨན་བཅོས་བྱེད་རིང་ངམ་ཡང་ན་གསོ་རིག་གི་ལྟ་ཞིབ་བྱེད་རིང་དང་། དེ་བཞིན་སྲིད་གཞུང་གིས་བཀར་འཇུག་བྱ་ཐབས་སྤྱད་པའམ་ཡང་ན་ཛ་དྲག་གི་བྱ་ཐབས་གཞན་སྤྱད་པའི་དབང་གིས་རྒྱུན་གཏན་གྱི་ངལ་རྩོལ་མཁོ་འདོན་བྱེད་མི་ཐུབ་པའི་ལས་བཟོ་པར་ཁེ་ལས་ཀྱིས་རྒྱུན་གཏན་གྱི་ངལ་རྩོལ་མཁོ་འདོན་བྱེད་པ་དང་འབྲེལ་ལས་བཟོའི་རྒྱུན་གཏན་གྱི་ལས་ཀའི་དུས་ཚོད་ཀྱི་གླ་ཕོགས་སྤྲད་དགོས། ཁེ་ལས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་ལས་མཚམས་བཞག་ནས་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་བྱུང་ཞིང་། གླ་ཕོགས་སྤྲོད་པའི་དུས་འཁོར་གཅིག་ལས་བརྒལ་མེད་ན། རྒྱུན་ལྡན་གྱི་ལས་ཀའི་དུས་ཚོད་ལྟར་གླ་ཕོགས་སྤྲད་དགོས་པ་དང་། གླ་ཕོགས་སྤྲོད་པའི་དུས་འཁོར་གཅིག་ལས་བརྒལ་ཏེ་ལས་བཟོ་པའི་གླ་ཕོགས་དེ་རང་ཞིང་གི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་དམའ་མི་རུང་། ཁེ་ལས་ཀྱིས་ལས་བཟོ་བའི་བྱ་བ་བཀོད་སྒྲིག་བྱས་མེད་རིགསརང་རེའི་ཞིང་ཆེན་གྱི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞིའི་བརྒྱ་ཆའི70ལས་མི་ཉུང་བའི་སྒོ་ནས་ལས་བཟོ་བའི་འཚོ་བའི་གྲོན་དངུལ་སྤྲོད་དགོས་པ་དང་། འཚོ་བའི་གྲོན་དངུལ་དེ་ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་། ཡང་ན་ཐོན་སྐྱེད་སླར་གསོ་དང་། ངལ་རྩོལ་འབྲེལ་བ་མེད་པར་བཟོ་བའམ་ཡང་ན་མཚམས་བཞག་པ་ལྟར་སྤྲད་དགོས། 

ལས་བཟོ་པའི་ལས་ཀ་བྱེད་ཡུན་དང་གུང་གསེང་གི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱ་དགོས། རིམས་ནད་ཀྱི་རྐྱེན་གྱིས་དུས་ཐོག་ཏུ་ཁེ་ལས་སུ་ཕྱིར་ལོག་མ་བྱས་པའི་ལས་བཟོ་བར་གྲོས་མོལ་གཅིག་མཐུན་བྱུང་བ་བརྒྱུད། ཁེ་ལས་ཀྱིས《ལས་བཟོ་བས་གླ་ཕོགས་འཁྱེར་ནས་ལོ་རེའི་གུང་གསེང་སྲོལ་ཡིག》(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང514པ)གི་གཏན་འབེབས་གཞིར་བཟུང་སྟེ། སྔོན་ལ་ལས་བཟོ་བར་གླ་ཕོགས་འཁྱེར་ནས་ལོ་རེའི་གུང་གསེང་བཀོད་སྒྲིག་བྱ་རྒྱུའི་བསམ་བློ་གཏོང་ཆོག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དབང་གིས་གུང་གསེང་གཏོང་མི་ཐུབ་པའི་ལས་བཟོ་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ངལ་གསོ་ཁ་གསབ་བྱེད་དགོས་པ་དང་། གུང་གསེང་མ་བྱས་པའི་དུས་ཀྱི་གླ་ཕོགས་དེ་འབྲེལ་ཡོད་སྲིད་ཇུས་ལྟར་དོན་འཁྱོལ་འགན་ལེན་བྱེད་དགོས། ཁེ་ལས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་བྱུང་ན། ལས་བཟོ་པ་དང་གྲོས་མོལ་གཅིག་མཐུན་བྱུང་ནས་གླ་ཕོགས་ལེགས་སྒྲིག་དང་། ལས་གནས་བརྗེ་རེས། ལས་ཡུན་ཐུང་དུ་གཏོང་བ། ལས་གནས་ནས་སྒུག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ལས་གནས་བརྟན་པོ་ཡོང་བ་དང་། གང་ཐུབ་ཅི་ཐུབ་ཀྱིས་ལས་མི་ཉུང་འཕྲི་མི་བྱེད་པའམ་ཡང་ན་ལས་མི་ཉུང་འཕྲི་ཉུང་ཙམ་བྱ་ཆོག ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་གཏན་འབེབས་ལྟར་ལས་གནས་བརྟན་པོ་ཡོང་བའི་ཁ་གསབ་ལོངས་སྤྱོད་བྱས་ཆོག།

གལ་ཏེ་སྔར་བཞིན་དོགས་འདྲི་ཡོད་ན།ངལ་རྩོལ་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཁ་པར0971-8258162བརྒྱུད་ནས་ཞིབ་ཏུ་རྒྱུས་ལོན་བྱས་ཆོག 

ཀླུ་མོས་བསྒྱུར།