མཚོ་སྔོན་དུ་ཡང་བསྐྱར་ཏོག་གསར་གློ་ཚད་འགོས་པའི་ནད་པ2སྨན་ཁང་ནས་བུད་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ2པའི་ཚེས13ཉིན་གྱི་ཕྱི་དྲོའི་ཆུ་ཚོད14སྟེང་། རང་རེའི་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ2ཕྱོགས་བསྡུས་སྨན་བཅོས་བྱས་པ་བརྒྱུད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏོག་དབྱིབས་ནད་དུག་གི་གློ་ཚད་གསར་པའི་ནད་རྟགས་ཐག་བཅད་ཟིན་པའི་ནད་པ་སྨན་ཁང་ནས་ཕྱིར་བུད་ཆོག་པའི་ཚད་གཞི་དང་མཐུན་པས་ཉིན་འདིར་སྨན་ཁང་ལས་ཕྱིར་བུད།

འདི་ནི་རང་རེའི་ཞིང་ཆེན་དུ་བསྟུད་མར་ཉིན་གསུམ་ལ་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་དྲག་སྐྱེད་བྱུང་བ་དང་། རིམ་རྩིས་བྱས་ན་མི11སྨན་ཁང་ནས་ཕྱིར་བུད། ད་ལྟའི་བར་རང་ཞིང་གི“ཏོག་གསར་གློ་ཚད”དུ་ཐག་བཅད་པའི་ནད་པ18ལས་ནད་པ11དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད། སྨན་བཅོས་མྱུར་སྐྱོབ་བྱ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

ཐེངས་འདིར་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་གཉིས་ནི། མཱ་ཆེ་གེ་མོ་དང་ཧུའུ་ཆེ་གེ་མོ་གཉིས་ཡིན་ལ། ཟླ2པའི་ཚེས4ཉིན་མཱ་ཆེ་གེ་མོ་སྨན་ཁང་དུ་བསྡད་དེ་བརྟག་དཔྱད་བྱས་རྗེས་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཡོད་པ་ངོས་ཟིན། ཟླ2པའི་ཚེས4ཉིན་ཧུའུ་ཆེ་གེ་མོར་ཡང་སྨན་ཁང་ནས་བརྟག་དཔྱད་བྱས་ནས་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ངོས་ཟིན་ལ། ནད་པ་འདི་ནི་ད་སྔ་རང་རེའི་ཞིང་ཆེན་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་པའི་ཁྲོད་ལོ་ན་ཆེ་ཤོས་དེ་ཡིན་པ་རེད།

ཟླ2པའི་ཚེས13ཉིན། རྒྱལ་ཁབ་ཀྱི《ཏོག་གསར་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་ལྔ་པ་བཟོ་བཅོས)》སྨན་ཁང་ནས་ཕྱིར་འབུད་པའི་ཚད་གཞི་གཞིར་བཟུང་སྟེ། ཞིང་ཆེན་རིམ་པའི་རིག་ཚན་མང་པོའི་ཆེད་མཁས་པས་དཔྱད་དཔག་བྱས་པ་བརྒྱུད་སྨན་ཁང་ནས་ཕྱིར་འབུད་པའི་ཚད་གཞི་དང་མཐུན་ཡོད་པ་རེད། ནད་པ་གཉིས་སྨན་ཁང་ནས་ཕྱིར་བུད་རྗེས་ས་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་སྟེ། ནད་པ་མཱ་ཆེ་གེ་མོ་མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ས་གནས་དེ་གར་བསྐྱལ་ནས་ཉིན14རིང་བཀར་འཇུག་བྱ་རྒྱུ་དང་། ནད་པ་ཧུའུ་ཆེ་གེ་མོ་ཟི་ལིང་གྲོང་ཁྱེར་དུ་ཉིན14རིང་བཀར་འཇུག་བྱ་རྒྱུ་རེད།

གཡང་སྐྱིད་ཀྱིས་བསྒྱུར།