ཝང་ཅིན་ཅུན་གྱིས་ཞིང་ཆེན་སྨན་ཁང་བཞི་པར་བརྙན་སྦྲེལ་ལམ་ནས་བཀར་འཇུག་ལྟ་རྟོག་སྨན་པ་དང་ནད་ཡམས་འགོག་བཅོས་ཐད་ལག་རྗེས་ཆེན་པོ་འཇོག་མཁན་སྨན་པ་རྣམས་ལ་གུས་འདུད་ཞུས།

མཚོ་སྔོན་གསར་འགྱུར་དྲ་བས་ཟླ2ཚེས12ཉིན་སྤེལ་བའི་འཕྲིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ནད་ཡམས་འགོག་འཛིན་བཅོས་གསུམ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་ཝང་ཅིན་ཅུན་ཞིང་ཆེན་སྨན་ཁང་བཞི་པ་དང་། ཞིང་ཆེན་ནད་ཡམས་འགོག་འཛིན་བཅོས་གསུམ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དུ་ཕྱིན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནད་ཡམས་འགོག་འཛིན་བཅོས་གསུམ་ཐད་ཀྱི་གནང་བའི་སློབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། རང་རེའི་ཞིང་ཆེན་གྱི་ནད་ཡམས་ཚོད་འཛིན་འགོག་བཅོས་ཐད་རྟོག་ཞིབ་དང་ཞིབ་བཤེར་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག ལས་ཐོག་སྨན་པ་རྣམས་དང་ཞིང་ཆེན་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི་ལས་བྱེད་པ་ཡོངས་ལ་འཚམས་འདྲི་གནང་།

ཝང་ཅིན་ཅུན་གྱིས་ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་ཚ་ནད་སྒོ་བསྟེན་ནད་པའི་ནད་རྟགས་སོགས་ཀྱི་ཐད་ལ་རྒྱུས་ལོན་གནང་བ་མ་ཟད། བརྙན་སྦྲེལ་ལམ་ནས་བཀར་འཇུག་ལྟ་ཞིབ་སྨན་པ་རྣམས་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མངོན་པར་མཐོ་བའི་གུས་འདུད་ཞུས། ཁོང་གིས་སྨན་ཁང་ནི་ནད་ཡམས་འགོག་བཅོས་ཀྱི་སྲུང་སྒོ་མཐའ་མ་དང་། ཁྱེད་ཅག་ནི་ཚེ་སྲོག་གིས་ཚེ་སྲོག་སྲུང་མཁན་གྱི་མགོན་སྐྱབས་ལྟ་བུ་ཡིན། སྨན་པའི་ལས་རིགས་ཀྱི་སྙིང་སྟོབས་ནི་པའེ་ཆའུ་ཨན་གྱི་སྙིང་སྟོབས་ཡིན་ལ། ནད་སྲུང་ལས་རིགས་ཀྱི་སྙིང་སྟོབས་ནི་ནན་ཏེན་ཀེར་ཡི་སྙིང་སྟོབས་ཡིན། སྙིང་སྟོབས་འདི་གཉིས་ལྡན་ན་ད་གཟོད་སྨན་པའི་བྱམས་སེམས་མཚོན་ཐུབ། ཁྱེད་ཅག་གིས་ལག་ལེན་དངོས་ཀྱི་ཐོག་ནས་ལས་རིགས་ལ་གོང་བཀུར་དང་བརྩེ་བ་ཆེན་པོས་ཚེ་སྲོག་གི་བསྟོད་གླུ་བརྩམས་ཡོད། ཡིད་ཆེས་བརྟན་པོར་བྱ་ཆོག་པ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ང་ཚོས་ནད་ཡམས་འགོག་རྒོལ་གྱི་འཐབ་རྩོད་འདི་ལས་རྣམ་པར་རྒྱལ་ངེས་ཡིན་ཞེས་བརྗོད་པ་དང་ཆབས་ཅིག ཁྱེད་ཚོས་རང་རང་ལ་བདག་སྐྱོང་བཟང་པོ་བྱ་དགོས། ཞིང་ཆེན་ཡོངས་དང་ལྷག་པར་དུ་ཧུའུ་པའེ་རུ་མངགས་པའི་སྨན་པ་རྣམས་ལ་འཚམས་འདྲི་གནང་བ་ཡིན་ཟེར།


ཝང་ཅིན་ཅུན་གྱིས་ཞིང་ཆེན་སྨན་ཁང་བཞི་པའི་སྨན་བཅོས་བཅོས་སྐྱོབ་གནས་ཚུལ་སྐོར་གྱི་སྙན་སེང་ལ་ཉན་རྗེས། འགན་འཁྲི་ཁུར་དུ་བླངས་ཤིང་བྱེད་ཐབས་གནད་ལ་འཁེལ་བ་བཀོལ་ནས་ནད་ཡམས་ཆེད་ལས་ཚན་ཁག་གི་སྨན་ཁང་གི་དགེ་མཚན་གང་ལེགས་འདོན་དགོས་པ་དང་། “ཏོག་གསར་གློ་ཚད”དཔྱད་བཅོས་གཏན་འཁེལ་སྨན་ཁང་གི་འགན་འཁྲི་ཕྲག་ཏུ་བླངས་ནས་ནད་པར་སྨན་བཅོས་ཡག་པོ་བྱ་དགོས།

སེམས་གནད་ལ་ཕབ་སྟེ་དཔྱོད་ཤེས་ཕན་ཤེས་ཀྱི་ནད་བཅོས་ཡག་པོ་བྱ་དགོས། སྨན་ཁང་གི་དོ་དམ་ཇེ་ལེགས་སུ་བཏང་ནས་ཆེད་ལས་ཀྱི་ཡོན་ཚད་ཐོག་ནས་བཅོས་སྐྱོབ་ཡག་པོ་བྱས་ཏེ། ནད་པ་མང་པོ་དྲག་སྐྱེད་བྱུང་དུ་བཅུག་ནས་སྤྱི་ཚོགས་ལས་རིགས་ཁག་གི་ཡིད་ཆེས་ཇེ་བརྟན་དུ་གཏང་དགོས། སེམས་ཞི་བའི་སྒོ་ནས་ཕན་ཚུན་ལ་གྲོགས་བྱས་ནས“སྔ་མོར་ཤེས་པ་དང་སྔ་མོ་ནས་བཀར་འཇུག་བྱེད་པ”། “ཕྱོགས་བསྡུས་བཞི”ཡི་རྨང་གཞི་བཅས་ཀྱི་ཐོག ཚན་རིག་ལ་བརྩི་འཇོག ཆོས་ཉིད་ལ་བརྩི་འཇོག ཆེད་མཁས་པར་བརྩི་འཇོག ནད་པར་བརྩི་འཇོག་བཅས་བརྩི་འཇོག་བཞི་རྒྱུན་འཁྱོངས་བྱས་ནས་སྨན་པའི་བྱམས་སེམས་དང་ནད་པའི་ཡིད་ཆེས་གཞི་ལ་གཅིག་བརྟེན་ཡོང་ཐུབ་པར་བྱ་དགོས་ཞེས་བསྟན།

དེ་ནས་ཝང་ཅིན་ཅུན་ཞིང་ཆེན་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དུ་སོང་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ནད་ཡམས་འགོག་བཅོས་ཀྱི་ཀླད་སྙིང་ལྟ་བུར་གྱུར་བའི་བཀོད་འདོམས་པུའུ་ནི་ཇུས་ཆོད་བཀོད་སྒྲིག་བྱེད་མཁན་དང་། གཞུང་སྒྲུབ་ཁང་ནི་ཇུས་ཐག་བཅད་ཅིང་བཀོད་སྒྲིག་བརྒྱབ་པའི་ལས་ཀ་དེ་དག་སྒྲུབ་མཁན་ཡིན། དེ་བས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཅོལ་བའི་ལས་ཐམས་ཅད་དང་། སྨན་བཅོས་བྱེད་མཁན་སྨན་པར“ནད་ཡམས་མི་འགོ་བ”བ་དང་། ནད་རྟགས་ངོས་ཟིན་པའི་ནད་པ“རྐྱེན་ལམ་དུ་མི་འགྲོ་བ”བར་འགོག་སྲུང་ནན་མོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཡོང་བར་འབྲེལ་བའི་ལས་ཀ་རྣམས་རང་ནུས་ཅི་ལྕོགས་ཀྱིས་ཡག་པོ་བསྒྲུབ་དགོས་པ་དང་། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་དང་ཐབས་ལམ་བཟང་པོར་སློབ་སྦྱོང་དང་ཟུར་ལྟ་བྱས་ནས། རང་ཞིང་གི་ནད་ཡམས་འགོག་བཅོས་ལས་ཀ་ལེགས་པོར་བསྒྲུབ་དགོས། མི་དམངས་དང་ཚེ་སྲོག སྨན་པ་གསུམ་བླ་རུ་བཀུར་ནས་གནད་དོན་ལ་བརྟད་དཔྱད་ནན་མོ་དང་། དབྱེ་ཞིབ་གསལ་བོ་བྱས་ནས་ནད་ཡམས་འགོག་བཅོས་ཀྱི་དུས་སྐབས་འདི་གོ་སྐབས་ཤིག་ཏུ་བརྩིས་ནས་ལས་བཟོ་བ་ཡོངས་ལ་སྦྱོང་བརྡར་ཡག་པོ་བྱེད་དུ་འཇུག་དགོས།

བདེ་ཐང་ ཀྲུང་གོ2030ལོའི་འཆར་འགོད་རྩ་གནད་དང་། བདེ་ཐང་མཚོ་སྔོན2030འགུལ་སྐྱོད་འཆར་འགོད་གཉིས་ལག་བསྟར་དོན་འཁལ་བྱས་ནས། དངོས་གཉེར་གོ་ཆོད་ཀྱི་སྒོ་ནས་སྨན་བཅོས་མི་སྣའི་བྱམས་སྐྱོང་གི་ཕུགས་ཕན་ལམ་ལུགས་བཟོས་ཏེ། ངེས་དོན་གྱིས་ཚེ་སྲོག བདེ་ཐང་། སྨན་པ་རྣམས་ལ་ཤུགས་རྒྱག་དགོས་ཟེར།

ཝང་ཅིན་ཅུན་དང་ལྷན་དུ་ཡུས་ཀྲུང་ལེ་དང་། མཱ་ཅི་ཞའོ། ཁུང་ཡུང་བཅས་ཡོད་དོ། །

ཁོན་ཐར་འཚོས་བསྒྱུར།