ཡུལ་ཤུལ་བོད་རིགས་མང་ཚོགས་ཀྱིས་རིམས་འགོག་ཐད་སྒོར་ཁྲི320ཡི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་ཕུལ།


       མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2ཚེས12ཉིན། ཡུལ་ཤུལ་བོད་རིགས་མང་ཚོགས་ཀྱིས་རིམས་འགོག་ཕྱོགས་ལ་སྒོར་ཁྲི320ཡི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་ཕུལ་བའི་མཛད་སྒོ་ཟི་ལིང་དུ་སྤེལ། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་དང་། ཞིང་ཆེན་གསོ་རིག་སློབ་ཚོགས་སོགས་ལས་ཁུངས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་ཡུལ་ཤུལ་མང་ཚོགས་ཀྱི་འཐུས་མི་བཅས་ཞལ་འདེབས་ཡུལ་དངོས་སུ་ཞུགས།

2010ལོའི་ཟླ4བར་ཡུལ་ཤུལ་ས་ཡོམ་བྱུང་རྗེས་སུ། རྒྱལ་ཁབ་ཀྱི་གོང་འོག་ཀུན་གྱིས་ཡུལ་ཤུལ་མི་དམངས་ལ་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱས་པས་ཡུལ་ཤུལ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་ནི་ཏང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་དང་རོགས་རེས་ཆེན་པོ་ལས་བྱུང་བ་ཡིན། རིམས་ནད་འདི་བྱུང་ནས་བཟུང་། ཡུལ་ཤུལ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྱང་ཝུའུ་ཧན་ལ་སེམས་ཁྲལ་དང་རིམས་ནད་ཀྱི་གནས་ཚུལ་གསར་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། གོ་ཐོས་ལ་དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་འགའ་གློ་བར་ཕན་བའི་སྨན་རྫས་ཀྱི་ནང་དུ་འོས་འཚམ་རེ་བསྲེས་ན་མིའི་ལུས་ཟུངས་ཀྱི་རིམས་འགོག་ནུས་པ་འཕེལ་ཐུབ་པར་ཕན་ནུས་ངེས་ཅན་ལྡན་ཟེར་བས། ཡུལ་ཤུལ་ཁུལ་ཁོངས་གཏོགས་ཀྱི་རྫོང(གྲོང་ཁྱེར)6གི་ཞིང་འབྲོག་མང་ཚོགས3000ལ་ཉེ་བས་རང་རྟོགས་ཀྱིས་སྒྲིག་འཛུགས་ཐོག་ནད་ཡམས་འགོག་བཅོས་ཐད་ལ་སྒོར་ཁྲི320ཡི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་གནང་ལ། ཞལ་འདེབས་གནང་མཁན་གྱི་གྲས་སུ་ལོ་རྒན་བདུན་ཅུར་སོན་པའི་བགྲེས་སོང་དང་ལོ་ན་ཕྲ་བའི་བྱིས་པ་ཡང་འདུ། ལ་ལས་དབྱར་རྩྭ་རྐང་འགའ་དང་ལ་ལས་བརྒྱ་ཕྲག་འགའ་སྟེ་མང་ཉུང་གང་ཡིན་ཡང་ཡོད་ཚད་ཡུལ་ཤུལ་མི་དམངས་ཀྱིས་ནད་པ་དང་། སྨན་བཅོས་ཀྱི་སྒང་ན་རྔུལ་ཁྲག་འདོན་མཁན་གྱི་སྨན་པ་དག་ལ་བཅིངས་པའི་བརྩེ་བ་ཟབ་མོ་མཚོན།

ཞལ་འདེབས་གནང་མཁན་མང་ཚོགས་ཀྱི་འཐུས་མིས་བཤད་རྒྱུར། ནད་ཡམས་ལ་བརྩེ་བ་མེད་རུང་མི་སེམས་ལ་བརྩེ་བ་ཡོད། འདི་ནི་ཡུལ་ཤུལ་མང་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་ལ་དྲིན་གཟོ་ཕྱིར་རང་མོས་རང་འདོད་བཞིན་དུ་ནད་ཡམས་འགོག་བཅོས་ལ་ཅི་ནུས་ཅི་ལྕོགས་ཀྱིས་བཏོན་པའི་ནུས་ཤུགས་ཙམ་ཡིན། ང་ཚོར་མཁས་མཛངས་ཉིས་ལྡན་གྱི་ཏང་དང་སྲིད་གཞུང་གི་མགོ་ཁྲིད་ལ་ཡིད་ཆེས་བརྟན་པོ་ཡོད་ལ། ལྷག་པར་རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ཤུགས་ཀྱི་ཨ་ལོང་གཅིག་ཏུ་སྦྲེལ་ནས་རིམས་ནད་འགོག་བཅོས་ལ་ཤུགས་བརྒྱབ་ན་ནད་ཡམས་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། མཐར་མེས་རྒྱལ་གྱི་སྟོབས་འབྱོར་སྔར་ལས་རྒྱས་བར་སྨོན།

ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། “ང་ཚོས་ཞལ་འདེབས་གནང་མཁན་གྱི་རེ་འདུན་ལྟར་ཞལ་འདེབས་ཀྱི་དབྱར་རྩྭ་དགུན་འབུ་དག་ཞིང་ཆེན་རིམས་འགོག་ཚོད་འཛིན་ཐག་གཅོད་བཀོད་འདོམས་པུའུ་ལ་སྤྲད་དེ། དེ་ག་ནས་འགོག་འཛིན་བཅོས་གསུམ་གྱི་ཁྲོད་བེད་སྤྱོད་གཏང་ངེས་ཡིན”ཟེར།

ཁོན་ཐར་འཚོས་བསྒྱུར།