མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ་བཅུ་བ།

དེང་སྐབས་རང་ཞིང་གི་རིམས་ནད་གནས་ཚུལ་སྔར་བཞིན་ཚབས་ཆེ་བ་དང་། སྔོན་འགོག་ཚོད་འཛིན་བྱ་བ་གནད་འགག་གི་སྐབས་སུ་སླེབས་ཡོད་པས། ངེས་པར་དུ་དོགས་ཟོན་མཐོན་པོ་བྱེད་དགོས་པ་ལས་ལྷོད་གཡེང་དུ་གཏོང་མི་རུང་། ཏོག་དབྱིབས་ནད་དུག་གསར་བའི་སྔོན་འགོག་ཚོད་འཛིན་བྱ་བ་ཁྲིམས་ལ་བརྟེན་ཞིང་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་བཟང་བོར་བསྒྲུབ་ཆེད། འབྲེལ་ཡོད་དོན་དག་གི་སྐོར་ནས་བརྡ་ཁྱབ་འདི་སྤེལ་བ་ཡིན།

གཅིག གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་དགོས། ཞིང་ཆེན་ཡོངས་བསམ་ཇུས་གཅིག་ཏུ་རྒྱུན་འཁྱོངས་བྱེད་པའི་བསམ་བློ་བརྟན་པོར་བཙུགས་ཏེ། ས་ཁུལ་དང་སྡེ་ཁག ལས་རིགས་བཅས་ཀྱི་བར་ཁྱད་སེལ་བ་དང་། གཅིག་གྱུར་གྱི་འགོ་ཁྲིད་དང་གཅིག་གྱུར་གྱི་བཀོད་འདོམས། གཅིག་གྱུར་གྱི་འགུལ་སྐྱོད་བཅས་རྒྱུན་འཁྱོངས་བྱས་ནས། འགོག་སྲུང་དང་ཚོད་འཛིན་ནན་མོ་བྱེད་དགོས་པར་མ་ཟད། རང་ནུས་རང་འདོན་དང་རང་འཐབ་རང་འབད་བྱས་ཏེ། ཁྱོན་ཡོངས་རང་བཞིན་གྱི་གཅིག་འདོམས་དང་སྤྱི་ཡོངས་རང་བཞིན་གྱི་མཉམ་སྡུད། མ་ལག་རང་བཞིན་གྱི་སྐུལ་སྤེལ་བཅས་བྱེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་བ་བརྟན་པོ་མཐའ་གཅིག་ཏུ་འཛུགས་དགོས།

གཉིས། ས་ཁོངས་འགན་འཁྲི་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ཁེ་ལས་སོ་སོས་གཙོ་གཞིའི་འགན་འཁྲི་དང་། གཙོ་གཉེར་འགན་འཁྲི། ལྟ་སྡོམ་འགན་འཁྲི་བཅས་སྔར་ལས་བཟང་བོར་ཁུར་ནས། གཟབ་རྣལ་ཟབ་ཞིབ་ཀྱི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་བྱེདཐབས་སྣ་ཚོགས་དོན་འཁྱོལ་བྱས་ཏེ། རང་ས་སྲུང་བའི་འགན་འཁྲི་ཡོད་པ་དང་འགན་འཁྲི་ཁུར་བ། འགན་ནུས་འདོན་པ་བཅས་བྱེད་དགོས།

གསུམ། ཁྲིམས་བརྟེན་གྱི་སྔོན་འགོག་ཚོད་འཛིན་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་དགོས། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་གོ་རིམ་སོ་སོ་ནས་ནུས་པ་ཆེན་པོ་བཏོན་ཏེ། ཁྲིམས་བརྟེན་གྱི་སྔོན་འགོག་ཚོད་འཛིན་དང་ཁྲིམས་བརྟེན་གྱི་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བྱེད་པ་དང་། སྔོན་འགོག་ཚོད་འཛིན་བྱ་བར་བཀག་འགོག་དང་འགལ་རྐྱེན། གཏོར་བརླག་བཅས་བཟོ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྒོལ་རྡུང་དང་ཐག་གཅོད་ནན་མོ་དང་ལྕི་མོ་བྱས་ནས། རིམས་ནད་སྔོག་འགོག་ཚོད་འཛིན་བྱ་བར་ཁྲིམས་སྐྱོང་གི་འགན་སྲུང་སྟོབས་ཅན་འདོན་སྤྲོད་བྱེད་དགོས།

བཞི། ཚན་རིག་དང་མཐུན་པའི་སྔོག་འགོག་ཚོད་འཛིན་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་དགོས། ཚན་རིག་དང་མཐུན་པའི་རྣམ་འགྱུར་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པའི་ཆོས་ཉིད་ལ་བརྩི་བཀུར། ཚན་རིག་དང་མཐུན་པའི་ཤེས་རྟོགས་བརྟན་སྲུང་བཅས་བྱས་ཏེ། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་ནས་སྔོག་འགོག་ཚོད་འཛིན་བྱ་བའི་ཚན་རིག་ཅན་དང་ཚན་གཞི་ཅན་ཇེ་མཐོར་བཏང་སྟེ། མི་སྒེར་དང་ཁྱིམ་ཚང་གི་ཚན་རིག་དང་མཐུན་པའི་འགོག་སྲུང་དངོས་སུ་ལེགས་པོར་བསྒྲུབ་དགོས།

ལྔ། གོ་རིམ་ལྡན་པའི་སྔོན་འགོག་ཚོད་འཛིན་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་དགོས། ཞིབ་འཇུག་བརྡར་གཅོད་ནན་མོ་བྱེད་པ་དང་། དོན་དངོས་ལ་རྐང་འཛུགས་པ། སྔོན་ལ་ཇུས་འགོད་བྱེད་པ། འཆར་གཞི་གཏན་འབེབས་བྱེད་པ་བཅས་བྱས་ཏེ། ཁེ་ལས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་སློབ་གྲྭས་སློབ་གྲྭ་ཚོགས་འགོ་རྩོམ་པའི་རིམས་ནད་སྔོག་འགོག་གི་བྱེད་ཐབས་སྣ་ཚོགས་ཇེ་ཞིབ་ཏུ་བཏང་སྟེ། འབྲེལ་ཡོད་ཡིག་ཆའི་བླང་བྱ་ལྟར། ཕྱིར་ལས་གནས་སྟེང་ལོག་པ་དང་ལས་ཀ་སླར་གསོ་བྱེད་པ། སློབ་གྲྭ་ཚོགས་འགོ་རྩོམ་པ་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་པར་རིམ་པ་དང་རིགས་བགར་ཞིང་གོ་རིམ་ལྡན་པར་བཀོད་སྒྲིག་དང་རྩ་འཛུགས་བྱེད་དགོས།

དྲུག སྨན་བཅོས་སྲོག་སྐྱོབ་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་དགོས། ནད་པ་གཅིག་སྡུད་བྱེད་པ་དང་། ཆེད་མཁས་པ་གཅིག་སྡུད་བྱེད་པ། ཐོན་ཁུངས་གཅིག་སྡུད་བྱེད་པ། གཅིག་སྡུད་ཀྱིས་སྨན་བཅོས་བྱེད་པ་བཅས་ཀྱི་བྱ་བའི་བླང་བྱ་ལྟར། མི་སྣའི་བཀོད་སྒྲིག་ཇེ་དྲག་ཏུ་གཏོང་བ་དང་། བརྟག་བཅོས་ཇུས་གཞི་ཇེ་ལེགས་སུ་བཏང་སྟེ། བརྟག་བཅོས་སྲོག་སྐྱོབ་ཀྱི་ཁ་གཏད་རང་བཞིན་དང་ཕན་ནུས་རང་བཞིན་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་ནས། ཧུར་ཐག་གིས་ནད་པ་བསྡུ་ལེན་སྨན་བཅོས་ཀྱི་ཚད་དང་དྲག་སྐྱེད་ཀྱི་ཚད་ཇེ་མཐོར་གཏོང་དགོས་ལ། ནད་འགོ་ཚད་དང་ནད་པ་ཚེ་ལས་འདས་ཚད་ཇེ་དམའ་རུ་གཏོང་དགོས།

བདུན། མཉམ་འགོག་མཉམ་འཛིན་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་དགོས། སྡེ་བ་དང་སྡོད་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲོད་དུ་ཐོན་པའི་ནུས་པ་བཟང་བོར་འདོན་པ་དང་། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་དེ་ཞང་དང་གྲོང་རྡལ། སྡེ་བ་དང་སྡོད་ཁུལ་བཅས་ལ་ཐོན་པར་བྱེད་པ། མང་ཚོགས་སྐུལ་སློང་དང་རྩ་འཛུགས་རྒྱ་ཆེར་བྱེད་པ་དང་། མཉམ་འགོག་མཉམ་འཛིན་གྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱིས་མཉམ་འགོག་མཉམ་བཅོས་བྱེད་པའི་འཛིང་རགས་བརྟན་པོ་འཛུགས་དགོས།

བརྒྱད། སྤྱི་ཚོགས་ཀྱི་དོ་དམ་ཚོད་འཛིན་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་དགོས། ངེས་གཏན་སྨན་བཅོས་ལས་ཁུངས་དང་ལོགས་སུ་འགར་སའི་བདེ་འཇགས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། རླངས་འཁོར་ས་ཚིགས་དང་ཚོང་ར་སོགས་གནས་ཡུལ་དང་མི་སྣ་འདུ་ཚོགས་བྱེད་ཡུལ་གལ་ཆེན་གྱི་བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན་པ། བདེ་འཇགས་ཐོན་སྐྱེད་དང་བགྲོད་ལམ་འགྲིམ་འགྲུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། སྨན་བཅོས་ཀྱི་སྒྲིག་ལམ་དང་ཁྲོམ་རའི་སྒྲིག་ལམ། དྲ་རྒྱའི་སྒྲིག་ལམ་དང་སྤྱི་ཚོགས་སྒྲིག་ལམ་བཅས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བཟང་བོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཀྱི་གནས་བབ་ཆེན་པོར་སྲུང་སྐྱོབ་བྱེད་དགོས།

དགུ། གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་དགོས། ཡོངས་བསྒྲགས་མངོན་གསལ་དང་དངོས་ཐོག་བདེན་འཚོལ། རང་འགུལ་དུས་བསྟུན། ཚད་ལྡན་ཡང་དག་བཅས་ཀྱི་སྒོ་ནས་ཁུངས་བཙན་པའི་ཆ་འཕྲིན་སྤེལ་བ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་གྱིས་ལན་འདེབས་པ། སྤྱི་ཚོགས་གླེང་ཕྱོགས་ལ་ཡང་དག་པར་ཁྲིད་སྟོན་བྱེད་པ། དཀྲོག་གཏམ་བསྒྲགས་པར་དུས་ལྟར་ཐེར་འདོན་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་དགོས།

བཅུ། གཅིག་གྱུར་མཐུན་སྦྱོར་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་སྟོབས་ཤུགས་ཡོད་རྒུས་དམ་འཛིན་བཟང་བོ་བྱེད་པ་དང་མཉམ་དུ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་ཡང་གཅིག་གྱུར་གྱིས་བཟང་བོར་བསྒྲུབ་པ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་སྒྲིག་ལ་ཤུགས་བསྣན་ནས། རིམས་ནད་ཀྱིས་དཔལ་འབྱོར་ལ་བཟོས་པའི་ཤུགས་རྐྱེན་ཇེ་དམའ་རུ་གཏོང་ཅི་ཐུབ་བྱེད་པ་དང་། རིམས་ནད་ལས་བཟོས་པའི་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཆེས་ཆེར་ཇེ་དམའ་རུ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ཀྱི་འགོག་རྒོལ་འཐབ་འཛིང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཁྲེགས་གཏོར་འཐབ་འཛིང་ལས་རྣམ་པར་རྒྱལ་བར་བྱེད་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།

2020ལོའི་ཟླ2པའི་ཚེས12ཉིན།