མཚོ་སྔོན་གྱི་སྡེ་མི5ཡིས་རང་སྣང་གང་ཤར་སྒོས་བཀར་འཇུག་ལྟ་རྟོག་ཁྱིམ་མཚེས་ཚང་ལ་རུ་མྱུལ་དུ་སོང་བའི་གྱོད་དོན་ལ་རྩད་གཅོད་བྱས་པ།

ཉེ་ལམ། ཡ་རྫི་རྫོང་རིམས་ནད་སྔོན་འགོག་བཀོད་འདོམས་པུའུ་དང་རྫོང་སྤྱི་བདེ་ཅུའུ་གཉིས་ཀྱིས་སྔ་གཞུག་ཏུ《བརྡ་ཐོ》དཔར་ནས་བཀྲམས་ཏེ། ཞིང་ཆེན་གཞན་ལས་ཕྱིར་རང་ཡུལ་དུ་ལོག་པའི་མི་སྣ་བཀར་འཇུག་དང་རྫོང་ནང་ཁུལ་གྱི་རླངས་འཁོར། མི་སྣའི་འགྲོ་འོང་། བདག་དོམ་ཚོད་འཛིན་སོགས་ཀྱི་ཐད་ལ་གཏན་འབེབས་གསལ་བོ་བཟོས་ཡོད། མི་སྣ་དག་གིས་གང་འདོད་དུ་འདུ་འཛོམས་བྱེད་པ་གཏན་འགོག་དང་། བཀར་འཇུག་མི་སྣ་ལ་ངོ་མི་ཐུག་པ་གཏན་འགོག་གསལ་བོ་བྱས། དེའི་མི་ཚད་ཡུལ་ཚོ་དང་གྲོང་རྡལ་སོ་སོ། སྡེ་བ་དང་གཞིས་ཁུལ། སྡོད་ཁུལ་བཅས་ཀྱི་ལམ་མདོ་གཙོ་བོ་དག་ལ་ཞིབ་བཤེར་ས་ཚིགས་གསར་དུ་བཙུགས་སྟེ། ཁྱོན་ཡོངས་ནས་རིམས་ནད་གནས་ཚུལ་གྱི་ཚོད་འཛིན་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབས། འོན་ཀྱང་དམངས་ཡོངས་ཀྱིས་རིམས་ནད་འགོག་སྲུང་བྱེད་པའི་ཆེས་གནད་འགག་གི་དུས་སྐབས་འདིར་མི་སྐོར་ཞིག་གིས་རིམས་ནད་སྔོན་འགོག་གནས་ཚུལ་དང་སྲིད་གཞུང་གི་བྲེལ་མྱུར་གནས་ཚུལ་འོག་མར་བཀྲམ་པའི་ཐག་གཅོད་ཡང་སྣང་མེད་དུ་བཞག་ནས། རང་སྣང་གང་ཤར་སྒོས་བཀར་འཇུག་ལྟ་རྟོག་བྱས་པའི་ཁྱིམ་མཚེས་མི་སྣ་དག་ལ་རུ་མྱུལ་དུ་སོང་བ་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་དུ་བཟུང་ནས་རྩད་གཅོད་བྱས་པ་རེད།

རྩད་གཅོད་བྱས་པ་བརྒྱུད། ཟླ2ཚེས9ཉིན་གྱི་ཆུ་ཚོད19དང་སྐར་མ30ཡི་སྟེང་། པེ་ཀྲོང་གྲོང་རྡལ་དམངས་གཙོ་སྡེ་བའི་སྡེ་མི་ཧི་ག་གེ་མོ་སོགས་ཁྱིམ་ཚང་གང་བོའི་མི7(བྱིས་པ་གཉིས་ཡང་འདུ)གྱིས་སྡེ་མདོའི་རིམས་འགོག་བྱ་བའི་ཞིབ་བཤེར་ཚན་ཆུང་གཡོལ་ནས། རང་སྣང་གང་ཤར་སྒོས་རཀྵི་མདོ་ཡུལ་ཚོའི་ཏ་སི་ཀུའུ་སྡེ་བའི་བཀར་འཇུག་ལྟ་རྟོག་བྱེད་བཞིན་པའི་གཉེན་ཉེ་མ་ག་གེ་མོ་ཚང་ལ་ལྟ་རུ་སོང་བ། ཏ་སི་ཀུའུ་སྡེ་བའི་རིམས་འགོག་ཞིབ་བཤེར་ཚན་ཆུང་གིས་རྩད་གཅོད་བྱས་ཏེ་ཤེས་རྟོག་བྱུང་བས་སྤྱི་བདེ་ལས་ཁུངས་ལ་སྤྲད་པ་རེད།

ད་ལྟ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཧི་ག་གེ་མོ་སོགས་མི5ཡི་གྱོད་དོན་ལ་རྩད་གཅོད་བྱེད་བཞིན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།