རང་ཞིང་གི་ཝུའུ་ཧན་དུ་བསྐྱོད་པའི་སྨན་བཅོས་རོགས་སྐྱོར་རུ་དཔུང་དང་ས་གནས་སྨན་ཁང་གིས་ཏོག་གསར་གློ་ཚད་ནད་པ3བདེ་བླག་གིས་བསྐྱབས་ནས་སྨན་ཁང་ནས་ཕྱིར་བུད་པ།

རང་རེའི་དྲ་བའི་འཕྲིན། “མཚོ་སྔོན་སྨན་བཅོས་རུ་དཔུང་གིས་ང་ཚོར་ཐུགས་ཁུར་གནང་བ་མ་ཟད། ལག་རྩལ་ཐད་དུ་ཡང་ཧུར་བརྩོན་སྒོས་སྨན་བཅོས་བྱས། སེམས་ཁམས་ཐད་དུ་ཡང་ང་ཚོར་སྐུལ་ལྕག་བྱས། ང་ཚོར་བཟང་བཏུང་སོགས་ཀྱི་བདག་རྐྱེན་བསྐྲུན་པས་ད་ལྟ་ཡོད་ཚད་བསྐྱར་གསོ་བྱུང་ཡོད”ཟེར། ཟླ2ཚེས10ཉིན་གྱི་ཆུ་ཚོད14ཡི་སྟེང་། ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲུའུ་ས་ཁུལ་གྱི་ལོ་ན43ལ་སོན་པའི་ཟི་ལིང་གི་ཏོག་དབྱིབས་གསར་བའི་གློ་ཚད་ཕོགས་པའི་ནད་པ་ཧྲིན་ག་གེ་མོ་ཧ་ཅང་བདེ་བླག་ངང་ཞིན་ཀྲུའུ་ས་ཁུལ་མི་དམངས་སྨན་ཁང་ནས་ཕྱིར་བུད་པ་རེད། འདི་ནི་རང་ཞིང་གིས་ཝུའུ་ཧན་ལ་རོགས་སྐྱོར་དུ་མངགས་པའི་སྨན་བཅོས་རུ་དཔུང་དང་ས་གནས་སྨན་བཅོས་ལས་ཁུངས་ཀྱིས་མཉམ་འབྲེལ་སྒོས་མྱུར་སྐྱོབས་ལེགས་འགྲུབ་བྱུང་བའི་ཏོག་གསར་གློ་ཚད་ནད་པ་ཚབས་ཆེན་ཞིག་ཡིན། ཉིན་དེའི་སྔ་དྲོ། ལོ་ན48ལ་སོན་པའི་ནད་པ་ཀྲོའུ་ག་གེ་མོ་དང་ལོ་ན28ཅན་གྱི་ནད་པ་ལོའུ་ག་གེ་མོ་གཉིས་ཀྱང་ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲུའུ་ས་ཁུལ་གྱི་ཀྲུང་ལུགས་སྨན་ཁང་ནས་བདེ་བླག་ངང་ཕྱིར་འབུད་བྱས་པ་རེད།

ཟླ1ཚེས26ཉིན། ལོ་ན43ལ་སོན་པའི་ཧྲིན་ག་གེ་མོ་ལ་ཏོག་གསར་གློ་ཚད་འགོས་པའི་རྐྱེན་གྱིས་ཞིན་ཀྲུའུ་ས་ཁུལ་མི་དམངས་སྨན་ཁང་གི་འགོས་ནད་ཚན་ཁག་དུ་བསྐྱལ་འོངས། ཞག་སྡོད་སྐབས་གཟའ་འཁོར་གཅིག་གི་རིང་ལ་ལུས་ལ་ཚ་བ་རྒྱས་པ་དང་ཆེས་མཐོ་བའི་སྐབས་སུ་ཏུའུ39ལ་སླེབས། བྲང་ཁར་ཟུག་གཟེར་ཚབས་ཆེན་རྒྱས། ཟླ1ཚེས31ཉིནICUནད་ཁང་དུ་སྤར། མཚོ་སྔོན་ཆེད་མཁས་ཚན་ཆུང་གི་ཁོངས་མི་སུང་པེན་དང་ཧི་མེན། ཡུས་ཞའོ་པེན། སུང་ཞའོ་ལེན། ཞིན་ཀྲུའུ་ས་ཁུལ་མི་དམངས་སྨན་ཁང་གི་སྨན་པ་བཙུན་ཞིན་ཧོང་། ཆུའུ་ཧྲི་མིང་། ཝང་ཞའོ་ཧྥང་། ཁྲིན་མིང་བཅས་ཀྱིས་མཉམ་འབྲེལ་སྨན་བཅོས་ཚན་ཆུང་བཙུགས་སྟེ་བྲེལ་བསྟུན་མྱུར་སྐྱོབས་སྨན་བཅོས་བྱས་པས། ཟླ2ཚེས2ཉིན་ནད་པ་སྲོག་ཉེན་ལས་ཐར་བ་རེད། དེའི་རྗེས་སུ་ཆེད་མཁས་ཚན་ཆུང་དང་སྨན་བཅོས་རུ་དཔུང་ཚན་ཁག་གིས་ནུས་ཤུགས་གང་ཡོད་སྒོས་མྱུར་སྐྱོབས་སྨན་བཅོས་དང་ནད་བཅོས་བདག་སྐྱོང་ཞིབ་མོའི་འོག་ཧྲིན་ག་གེ་མོ་ཡི་ནད་གཞི་མུ་མཐུད་དུ་ཇེ་དགའ་རུ་སོང་བ་མ་ཟད། དབུགས་ཀྱི་རྒྱུ་ལམ་ཡང་རིམ་བཞིན་ཇེ་ལེགས་སུ་སོང་། གློ་བའི་སྟེང་གི་གཟུགས་བརྙན་རིག་པའི་ནད་རྟགས་ཡང་མངོན་གསལ་གྱིས་ཇེ་ལེགས་སུ་སོང་། བསྟུད་མར་ཉིན4ཡི་རིང་ལ་ལུས་པོའི་དྲོད་གྲང་རྒྱུན་ལྡན་དུ་གྱུར་བ་མ་ཟད། རིགས་གཞན་དག་གི་རྫས་བཤེར་དམིགས་ཚད་ཡང་ཆ་སྙོམས་སྒོས་རྒྱུན་ལྡན་དུ་གྱུར། ཟླ2པའིཚེས6དང་ཚེས9ཉིན་ཉིང་སྐྱུར་དཔྱད་ཞིབ་ཚད་ལེན་ནི་སྲིབ་གཤིས་ཡིན། ཆེད་མཁས་མི་སྣས་དཔྱད་འཇོག་བརྒྱུད། ཧྲིན་ག་གེ་མོ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཡོད་པའི་ནད་པའི་བཀར་འཇུག་སེལ་བ་དང་སྨན་ཁང་ལས་འབུད་པའི་ཚད་གཞིར་སླེབས་ཡོད།

“སྐུ་ཞབས་ཧྲིན་བདེ་ཐང་ངང་སྨན་ཁང་ལས་ཕྱིར་འབུད་ཐུབ་པ་དེས། མཚོ་སྔོན་གྱི་སྨན་བཅོས་རུ་དཔུང་དང་ང་ཚོའི་སྨན་ཁང་གི་ཐུན་མོང་མཉམ་འབྲེལ་ལ་ཕན་པ་མ་ཟད། ཞིབ་ཚགས་ལྡན་པའི་སྨན་བཅོས་དང་དེའི་ཁར་སྐུ་ཞབས་ཧྲིན་ལ་སེམས་ཤུགས་བརྟན་པོ་ཞིག་ཡོད་པས། སྨན་བཅོས་ཐད་ལ་ཡང་རམ་འདེགས་བྱས། ཁོ་ནི་མཚོ་སྔོན་སྨན་བཅོས་རུ་དཔུང་ཞིན་ཀྲུའུ་ས་ཁུལ་མི་དམངས་སྨན་ཁང་དུ་འོངས་ནས་ནད་ཚབས་གསོ་རིག་ཚན་ཁག་གིས་སྨན་བཅོས་རྩ་འཛུགས་བྱས་པའི་ནད་པ་ལྕི་མོ་སྨན་ཁང་ལས་བུད་པ་ཡང་ཡིན”ཞེས་ཞིན་ཀྲུའུ་ས་ཁུལ་མི་དམངས་སྨན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་པ་རེད།

རང་ཞིང་གི་ཧུའུ་པེ་རུ་རོགས་སྐྱོར་ལ་བསྐྱོད་པའི་སྨན་བཅོས་རུ་དཔུང་སྐོར་དང་པོས་ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲུའུ་ས་ཁུལ་མི་དམངས་སྨན་ཁང་དང་། ཞིན་ཀྲུའུ་ས་ཁུལ་ཀྲུང་ལུགས་སྨན་ཁང་གཉིས་སུ་མུ་མཐུད་དུ་སྨན་བཅོས་མྱུར་སྐྱོབས་བྱ་བ་ཧུར་ཐག་སྒོས་སྤེལ། ཟླ2ཚེས10ཉིན་བར་ནད་པ་མི་གྲངས135ལྷག་མྱུར་སྐྱོབ་བྱས་ཡོད། དེའི་ཁྲོད་ནད་གཞི་ཅུང་ཡངས་པའི་ནད་པ106དང་སྤྱིར་བཏང་གི་ནད་པ3 ནད་པ་ཚབས་ཆེན19། སྲོག་ཉེན་ཆེ་བའི་ནད་པ5། ནད་དུག་དོགས་གཞི་ཅན་གྱི་ནད་པ2བཅས་ཡོད། ཉིན་དེར་སྨན་ཞབས་ཚན་ཆུང་གིས་ནད་པ135ལ་ནད་ཞབས་བྱས། སྨན་ཁང་ལས་ཕྱིར་འབུད་བྱས་པའི་ནད་པ3དང་རྐྱེན་ལམ་དུ་ཤོར་བའི་ནད་པ1ཡོད། སྨན་ཞབས་སྨན་བཅོས་རུ་དཔུང་གིས་ནད་པ128ལ་བདག་དོམ་བྱས་ཤིང་། དེའི་ཁྲོད་ནད་པ་ལྕི་མོ་མེད་ལ། སྲོག་ཉེན་ཆེ་བའི་ནད་པ་ཡང་མེད། ཁྱོན་བསྡོམས་ནད་པ་མི་གྲངས623ལ་སྨན་ཞབས་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།