ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཡིག་ཆ།(བཅུ་བཞི)

མཚོ་སྔོན་ཞིང་ཆེན་གྱི2019ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2020ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ།

---2020ལོའི་ཟླ1བོའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན།

ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར། ད་ལྟ2019ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2020ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བས་གྲོས་ཞིབ་གནང་བར་ཕུལ་བ་དང། སྲིད་གྲོས་ཀྱི་ཨུ་ཡོན་ལྷན་རྒྱས་དང་ཟུར་ཞུགས་ཀྱི་བློ་མཐུན་རྣམ་པས་ཀྱང་བསམ་འཆར་གནང་རོགས་ཞུ།

གཅིག 2019ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ།

2019ལོར་ཕྱི་རོལ་གྱི་ཁོར་ཡུག་ལ་རྙིང་འཛིང་སྣོལ་མར་ཆགས་ཤིང་ཉེན་ཁ་དང་འགྲན་སློང་མངོན་གསལ་གྱིས་ཇེ་བཙན་དུ་ཕྱིན་པ་དང་། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་མུ་མཐུད་ཇེ་ཆེར་འགྲོ་བའི་གནས་བབ་ཛ་དྲག་ཅན་རྣམས་མདུན་ནས་བསུས་ཏེ། ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་དང་ཞིང་ཆེན་དམངས་ཆེན་གྱི་ལྟ་སྐུལ་མཛུབ་སྟོན་འོག། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་སྒོས་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཞིང་ཆེན་དམངས་ཆེན་གྱི་ཇུས་ཆོད་སོ་སོ་ནན་ཏན་སྒོས་ལག་བསྟར་དང་། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་ལེན་གྱི་བྱ་བ་སྤྱིའི་མདོ་དོན་རྒྱུན་འཁྱོངས་བྱས་ཤིང་། འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་དང་། “བརྟན་བརླིང་དྲུག”གི་བྱ་བ་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱས་ཐོག འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་བྱེད་པ་གཙོ་ཐིག་དང་། འཕར་སྣོན་ལ་བརྟན་འཇགས་དང་། བཅོས་སྒྱུར་ལ་སྐུལ་འདེད། སྒྲིག་གཞི་སྙོམ་སྒྲིག དམངས་འཚོར་གཟིགས་སྐྱོང་། ཉེན་ཁ་སྔོན་འགོག བརྟན་བརླིང་འགན་སྲུང་བཅས་ལ་གཅིག་འདོམས་སྐུལ་འདེད་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་དང་ནོར་སྲིད་ཀྱི་སྔོན་རྩིས་ལག་བསྟར་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ལ། ལོ་ཧྲིལ་བོའི་བྱ་བའི་འགན་འཁྲི་ཁག་ཅུང་བཟང་བའི་སྒོ་ནས་ལེགས་འགྲུབ་བྱུང་ཡོད།

(གཅིག) 2019ལོའི་སྔོན་རྩིས་གཏོང་ཡོང་གི་གནས་ཚུལ།

1. སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

(1) ཞིང་ཆེན་ཡོངས་སུ་ལག་བསྟར་བྱས་པའི་གནས་ཚུལ། 2019ལོར་ཞིང་ཆེན་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར282.1ཡོད་ཅིང། ལོ་སྔོན་མའི་ཡོངས་འགྲུབ་ཚད་དང་བསྡུར་ན3.4%འཕར་བ་རེད། དེའི་ཁར་ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར1333ཡོད་པ་དང་། སྤྱིར་བཏང་གི་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར332.2ཡོད་པ་དང་། སྔོན་ལོའི་ལྷག་འཕྲོ་རྩིས་ཁོངས་སྤོ་འགོད་བྱས་པ་སྒོར་དུང་ཕྱུར98.9ཡོད་ཅིང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར96.5དང། སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་དང་རྒྱལ་དབང་མ་རྩ་བདག་གཉེར་སྔོན་རྩིས་ཀྱི་ཡོང་སྒོ་སོགས་སྒོར་དུང་ཕྱུར34.1ནང་འདྲེན་བྱས་རྗེས། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར2176.8ཡོད་ཅིང། བསྐྱར་དངུལ་སྡུད་པའི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར106བཀྲམ་པ་ཕུད་རྗེས། ཞིང་ཆེན་ཡོངས་ཀྱི་དོན་དངོས་ཀྱི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར2070.8ཡོད་ལ། ལོ་སྔོན་མ་ལས་སྒོར་དུང་ཕྱུར233.4ཇེ་མང་དུ་སོང་ཡོད་ཅིང12.7%འཕར་ཡོད།

ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1863.7ཡོད་ཅིང། སྔོན་རྩིས་ལག་བསྟར་བྱས་ཚད95.9%ཡིན་ལ13.1%འཕར། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར106.5བཏང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར102.7བཀོད་སྒྲིག་དང། མ་དངུལ་སྒོར་དུང་ཕྱུར0.2བཀོད་གཏོང་བྱས་ཤིང། སྔོན་རྩིས་ཀྱི་འཁོར་སྐྱོད་མ་དངུལ་སྒོར་དུང་ཕྱུར1བཏང་བ་དང་། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར3.3བཏང། ལོ་རྗེས་མའི་འགྲོ་སྒོའི་རྩིས་ཁོངས་སུ་སྒོར་དུང་ཕྱུར101.4སྤོ་འགོད་བྱས་ཡོད།

(2) ཞིང་ཆེན་རིམ་པར་ལག་བསྟར་བྱས་པའི་གནས་ཚུལ། ཞིང་ཆེན་རིམ་པའི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར89.1ཡོད་ཅིང5.8%འཕར་བ་རེད། དེའི་ནང་དུ་དཔྱ་ཁྲལ་ཡོང་སྒོ་སྒོར་དུང་ཕྱུར58.7ཡོད་ཅིང0.5%མར་ཆག དཔྱ་ཁྲལ་མིན་པའི་ཡོང་སྒོ་སྒོར་དུང་ཕྱུར30.4ཡོད་ཅིང20.3%འཕར་བ་རེད། དེའི་ཁར་ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར338.3(ཀྲུང་དབྱང་གིས་རང་ཞིང་ལ་ཁ་གསབ་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར1333ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར994.7ཁ་གསབ་བྱས་པ་ཕུད་ཡོད) ཡོད་པ་དང། སྤྱིར་བཏང་གི་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར268.8ཡོད་པ་དང། ལོ་སྔོན་མའི་ལྷག་འཕྲོ་རྩིས་ཁོངས་སུ་སྤོ་འགོད་བྱས་པ་སྒོར་དུང་ཕྱུར27.7ཡོད། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར68དང། གོང་སྤྲོད་ཡོང་སྒོ་སྒོར་དུང་ཕྱུར19.2ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་དང་རྒྱལ་དབང་མ་རྩ་བདག་གཉེར་སྔོན་རྩིས་ཀྱི་ཡོང་སྒོ་སོགས་སྒོར་དུང་ཕྱུར8.5ནང་འདྲེན་བྱས་རྗེས། ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར819.6ཡོད་པ་དང། བསྐྱར་དངུལ་སྡུད་པའི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར89.3བཀྲམ་པ་ཕུད་རྗེས། ཞིང་ཆེན་རིམ་པའི་དོན་དངོས་ཀྱི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར730.3ཡོད་ལ། ལོ་སྔོན་མ་ལས་སྒོར་དུང་ཕྱུར106.1ཇེ་མང་དུ་སོང་ཞིང17%འཕར་ཡོད།

ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར578.6ཡོད་པ་དང་སྔོན་རྩིས་ལག་བསྟར་བྱས་ཚད90.6%ཡིན་ལ8.5%འཕར་ཡོད། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར89.3བཏང་ཞིང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར69.4བཀོད་སྒྲིག་དང། སྔོན་རྩིས་ཀྱི་འཁོར་སྐྱོད་མ་དངུལ་སྒོར་དུང་ཕྱུར0.7བཏང་བ་དང་། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར3.2བཏང། ལོ་རྗེས་མའི་འགྲོ་སྒོའི་རྩིས་ཁོངས་སུ་སྒོར་དུང་ཕྱུར79.8སྤོ་འགོད་བྱས་ཡོད།

2. སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར416.8ཡོད་ལ། དེའི་ནང་དུ་ལོ་དེ་གའི་ཡོང་སྒོ་སྒོར་དུང་ཕྱུར245.2ཡོོད་ཅིང79.2%འཕར་ཡོད། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར13ཡོད། མ་དངུལ་སྒོར་དུང་ཕྱུར0.3ནང་འདྲེན་བྱས་པ་དང་། ལོ་སྔོན་མའི་རྩིས་ཁོངས་སྤོ་འགོད་བྱས་པ་སྒོར་དུང་ཕྱུར17.3ཡོད་ཅིང། ཆེད་སྤྱོད་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར141ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར334.6བཏང་བ་དང་། སྔོན་རྩིས་ལག་བསྟར་བྱས་ཚད་ནི91.1%ཡིན་ལ། མ་དངུལ་སྒོར་དུང་ཕྱུར25.3བཀོད་གཏོང་བྱས་ཤིང། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར24.3བཏང་རྗེས། ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར32.6ཡོད།

ཞིང་ཆེན་རིམ་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར81.8ཡོད། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར30.2ཡོད་ཅིང7%འཕར། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར5.6(ཀྲུང་དབྱང་གིས་རང་ཞིང་ལ་ཁ་གསབ་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར13ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར7.4ཁ་གསབ་བྱས་པ་ཕུད་ཡོད) ཡོད་པ་དང། ལོ་སྔོན་མའི་རྩིས་ཁོངས་སྤོ་འགོད་བྱས་པ་སྒོར་དུང་ཕྱུར12.3ཡོད། ཆེད་སྤྱོད་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར33.7བཀྲམ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར53.1བཏང་བ་དང། སྔོན་རྩིས་ལག་བསྟར་བྱས་ཚད་ནི73.8%ཡིན། མ་དངུལ་སྒོར་དུང་ཕྱུར7.4བཀོད་གཏོང་བྱས་ཤིང། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར2.5བཏང་བ་དང་། ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར18.8ཡོད།

3. རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར2.4ཡོད་ལ། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར1.5ཡོད་ཅིང4%མར་ཆག་ལ། ལོ་སྔོན་མའི་རྩིས་ཁོངས་སྤོ་འགོད་བྱས་པ་སྒོར་དུང་ཕྱུར0.9ཡོད། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1.3བཏང་བ་དང། སྔོན་རྩིས་ལག་བསྟར་བྱས་ཚད་ནི77.5%ཡིན་ལ། མ་དངུལ་སྒོར་དུང་ཕྱུར0.7བཀོད་གཏོང་བྱས་ཤིང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར0.4ཡོད།

ཞིང་ཆེན་རིམ་པའི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར1.8ཡོད་ལ། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར1.1ཡོད་ཅིང15%མར་ཆག། ལོ་སྔོན་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པ་སྒོར་དུང་ཕྱུར0.7ཡོད། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1བཏང་བ་དང། སྔོན་རྩིས་ལག་བསྟར་བྱས་ཚད་ནི77.9%ཡིན། འོག་རིམ་ལ་རོགས་སྐྱོར་ཁ་གསབ་འགྲོ་སྒོ་སྒོར་དུང་ཕྱུར0.1བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར0.4བཀོད་གཏོང་བྱས་ཤིང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར0.3ཡོད།

4. སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར717.5ཡོད་ལ། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར465.3ཡོད་ཅིང26.2%འཕར་ཡོད། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར252.2ཡོད། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར455.7བཏང་ལ། སྔོན་རྩིས་ལག་བསྟར་བྱས་ཚད་ནི122.7%ཡིན། ལོ་མཇུག་གི་སྤྱི་སྡོམ་ལྷག་འཕྲོ་སྒོར་དུང་ཕྱུར261.8ཡོད(ལོ་འདིའི་ལྷག་འཕྲོ་སྒོར་དུང་ཕྱུར9.6ཡིན)།

ཞིང་ཆེན་རིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར532ཡོད་པ་དང་། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར391.5ཡོད་ཅིང30.8%འཕར་ཡོད་ལ། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར140.5ཡོད། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར403བཏང་ལ། སྔོན་རྩིས་ལག་བསྟར་བྱས་ཚད་ནི126.1%ཡིན། ལོ་མཇུག་གི་སྤྱི་སྡོམ་ལྷག་འཕྲོ་སྒོར་དུང་ཕྱུར129ཡོད(ལོ་འདིའི་ལྷག་འཕྲོ་སྒོར་དུང་ཕྱུར-11.5ཡིན)།

བྱེ་བྲག་གི་གནས་ཚུལ《མཚོ་སྔོན་ཞིང་ཆེན་གྱི2019ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2020ལོའི་སྔོན་རྩིས་འཆར་ཟིན》ལས་གསལ་བ་དང་། གོང་གི་དོན་ཚན་སོ་སོའི་གཏོང་ཡོང་གི་གཞི་གྲངས་དེར་ནོར་སྲིད་པུའུ་ཡིས་ངེས་རྩིས་ལ་བཀའ་ལན་འབྱོར་རྗེས་འགྱུར་ལྡོག་ཅུང་ཙམ་ཡོད་སྲིད་ལ། སྐབས་དེར་ཞིང་ཆེན་དམངས་ཆེན་ལ་ཁྲིམས་ལྟར་འབྲེལ་ཡོད་དོན་ཚན་དག་གི་སྙན་ཞུ་འབུལ།

གསལ་བཤད་བྱ་དགོས་པའི་གནད་དོན། གཅིག་ནི་ས་གནས་ཀྱི་ཡོང་སྒོ་ཉུང་བསྡུ་བྱས་པའི་སྐོར་གྱི་གནས་ཚུལ་ཏེ། 2019ལོར་ཞིང་ཆེན་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར10.3ཉུང་བསྡུ་བྱས་པ་དང་། དེའི་ནང་ཞིང་ཆེན་རིམ་པས་སྒོར་དུང་ཕྱུར1ཉུང་བསྡུ་བྱས། གཙོ་བོ་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་རྗེས་སུ། ཁྲལ་འཕྲི་རིན་གཅོག་ཁག་གི་སྲིད་ཇུས་གསལ་ཐག་ཆོད་པར་བྱས་པ་དང་། རང་རེའི་ཞིང་ཆེན་གྱི་ལོ་མགོའི་སྔོན་རྩིས་བཀོད་སྒྲིག་གི་སྔོན་དཔག་གི་ཤུགས་ཚད་ལས་ཀྱང་ཆེ་བས། གཙོ་གནད་ཁེ་ལས་ཁག་གིས་ཁྲལ་དངུལ་ཆད་འཇོག་དང་འགྱངས་སྤྲོད་བྱས་པའི་རྐྱེན་གྱིས་ཡིན། གཉིས་ནི་སྔོན་རྩིས་ཀྱི་འགྲོ་སྒོ་སྙོམ་སྒྲིག་སྐོར་གྱི་གནས་ཚུལ་ཏེ། ཀྲུང་དབྱང་གི་ཆེད་སྤྱོད་ཁ་གསབ་རོགས་དངུལ་དང་ས་གནས་སྲིད་གཞུང་གི་བུན་འཛིན་འཕར་བའི་ཤུགས་རྐྱེན་ལས། ཞིང་ཆེན་ཡོངས་ཀྱི་འགྲོ་སྒོའི་སྙོམ་སྒྲིག་སྔོན་རྩིས་དེ་ལོ་མགོའི་སྔོན་རྩིས་ལས་སྒོར་དུང་ཕྱུར103.1འཕར་བ་དང་། ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོའི་སྙོམ་སྒྲིག་སྔོན་རྩིས་དེ་ལོ་མགོའི་སྔོན་རྩིས་ལས་སྒོར་དུང་ཕྱུར108ཇེ་ཉུང་དུ་སོང་ཡོད་ལ། གཙོ་བོ་ནི་སྔོན་རྩིས་ལག་བསྟར་གྱི་ཁྲོད་དུ་ཞིང་ཆེན་རིམ་པའི་ལས་རིགས་གཙོ་གཉེར་སྡེ་ཁག་གིས་བཏོན་པའི་ལས་གཞིའི་བགོ་བྱའི་འཆར་གཞི་ལྟར། ཞིང་ཆེན་རིམ་པའི་གྲབས་བསྐྱུར་མ་དངུལ་ས་གནས་སོ་སོར་གཤམ་སྤྲོད་བྱས་ནས། བབ་བསྟུན་གྱིས་ཞིང་ཆེན་རིམ་པའི་འགྲོ་སྒོ་ཉུང་འཕྲི་དང་གྲོང་ཁྱེར་དང་ཁུལ་གྱི་སྔོན་རྩིས་འགྲོ་སྒོ་འཕར་སྣོན་བྱས་ཡོད། གསུམ་ནི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་བཀོལ་སྤྱོད་སྐོར་གྱི་གནས་ཚུལ་ཏེ། 2019ལོར་ཞིང་ཆེན་ཡོངས་སུ་ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར326(བུན་འཛིན་སྒོར་དུང་ཕྱུར220གསར་སྣོན་དང་བསྐྱར་དངུལ་སྡུད་པའི་བུན་འཛིན་སྒོར་དུང་ཕྱུར106ཡོད)བཀྲམ་པ་དང་། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར141(བུན་འཛིན་སྒོར་དུང་ཕྱུར125གསར་སྣོན་དང་བསྐྱར་དངུལ་སྡུད་པའི་བུན་འཛིན་སྒོར་དུང་ཕྱུར16ཡོད)བཀྲམ་ཡོད་ལ། འབྲེལ་ཡོད་གཏན་ཕབ་ལྟར་ཐ་དད་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ནང་དུ་མངོན་པར་བྱས་ཡོད། 2019ལོའི་ལོ་མཇུག་བར་དུ་ཞིང་ཆེན་ཡོངས་ཀྱི་ས་གནས་སྲིད་གཞུང་གི་བུ་ལོན་སྒོར་དུང་ཕྱུར2102ལྷག་ཡོད་ལ། ཕྱོགས་བསྡུས་བུ་ལོན་ཁུར་ཚད65%ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་བུ་ལོན་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཡོད།

(གཉིས) ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་ཞིབ་བཤེར་གྲོས་ཆོད་དང་ནོར་སྲིད་ཀྱི་བྱ་བ་གཙོ་བོ་དོན་འཁྱོལ་བྱས་པའི་གནས་ཚུལ།

2019ལོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཇུས་ཆོད་དགོངས་དོན་ལྟར། ང་ཚོས་གྲོན་ཆུང་སྒོས་འཚོ་བ་རོལ་བའི་བསམ་བློ་བརྟན་པོར་བཅངས་ནས། ནོར་སྲིད་སྲིད་ཇུས་ཧུར་ཐག་གིས་དོན་འཁྱོལ་དང་། ནོར་ཁྲལ་ལམ་ལུགས་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ། ནོར་སྲིད་ཀྱི་འགྲོ་སྒོའི་སྒྲིག་གཞི་ལེགས་སྒྱུར་བྱེད་པ། སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། ནོར་སྲིད་ཀྱི་ཉེན་ཁ་རྩ་བ་ནས་སྔོན་འགོག་དང་གཙང་སེལ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།

1. ཁྲལ་རིན་གཉིས་གཅོག་དོན་འཁྱོལ་བྱས་པར་ཕན་འབྲས་གང་ལེགས་ཐོན་པ། རྒྱལ་ཁབ་ཀྱི་སྔར་ལས་གཞི་རྒྱ་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ལེགས་པོར་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། བསམ་བློའི་ངོས་ཟིན་ཇེ་མཐོར་བཏང་ནས། “ནོར་དོན་གྱི་རྩིས”རྒྱག་དགོས་ལ“ཆབ་སྲིད་ཀྱི་དོན”དེ་བས་བསམ་དགོས། དེང་སྐབས་དང་རྒྱང་རིང་ལ་གཅིག་གྱུར་བཀོད་འདོམས་སྒོས། རྒྱལ་ཁབ་ཀྱི་གོམ་སྟབས་ལ་དམ་པོར་བསྟུན་ནས། ཁེ་ལས་ཆུང་གྲས་ལ་གཟིགས་སྐྱོང་རང་བཞིན་གྱི་ཁྲལ་གཅོག་དང་། མི་སྒེར་གྱི་ཐོབ་ཁྲལ་ཆེད་དོན་ཟུར་སྣོན་ཕུད་པ། ཐང་འཕར་ཁྲལ་བཅོས་སྒྱུར་གཏིང་ཟབ་བྱེད་པ། སྲིད་འཛིན་ལས་དོན་རང་བཞིན་གྱི་དངུལ་བསྡུ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་གཙང་སེལ་དང་ཚད་ལྡན་དུ་གཏོང་བ་སོགས་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས། ནན་ཏན་སྒོས་དབྱེ་ཞིབ་དང་ཚད་ཞིབ་བྱེད་པའི་རྨང་གཞིའི་སྟེང་དང་ཁྲིམས་བཀོད་ཀྱི་ཁྲལ་སྡུད་སྲིད་དབང་གི་ཁྱབ་ཁོངས་ནང་། རྒྱལ་ཁབ་ཀྱིས་དབང་སྤྲོད་གནང་བའི་ཚད་ཆེས་མཐོ་བའི“ཡ་མཐའ”ལས་ཐང་འཕར་ཁྲལ་གྱི་གཞི་རྒྱ་ཆུང་བའི་ཁྲལ་འཇལ་མཁན་ལ“ཁྲལ་དྲུག་རིན་གཉིས”དོན་འཁྱོལ་བྱས་པས། ཀྲུང་དབྱང་གི་བླང་བྱ་དང་མཐུན་ལ། ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་འཚམ་ཤིང་། སྲིད་ཇུས་ཀྱི་ནུས་ཤུགས་མངོན་ལ་ཆབ་སྲིད་ཀྱི་ཁག་ཁུར་ཡང་མངོན་ཡོད། སྟེགས་བུ་དང་བརྒྱུད་ལམ་སྣ་མང་བཀོལ་སྤྱོད་ལེགས་པོར་བྱས་ཏེ། མཁྲེགས་ཚད་མཐོ་ལ་ཡོངས་སུ་ཁེབས་པའི་དྲིལ་སྒྲོག་སྒྲོག་འགྲེལ་རྩ་འཛུགས་བྱས་པ་དང་། གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དང་། ཁེ་ལས་སུ་སོང་ནས་བརྟག་དཔྱད་བཞུགས་མོལ་སོགས་ཀྱི་རྣམ་པ་སྤྱད་ནས། ཁེ་ལས་ཀྱིས་དོ་ཁུར་བྱེད་པར་ཧུར་ཐག་སྒོས་ལན་སློག་པ་དང་། སྔོན་དཔག་གི་དོ་དམ་ཇེ་དྲག འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པར་བྱས་ཤིང་། ཆེད་དམིགས་རྩིས་བཤེར་དང་། ཆེད་དོན་བརྟག་དཔྱད། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྲིད་ཇུས་དོན་འཁྱོལ་ལག་བསྟར་ཁྲོད་གནས་པའི་གནད་དོན་དུས་ཐོག་ཏུ་རྙེད་པ་མ་ཟད་ཐག་གཅོད་བྱས་ཤིང་། ཁྲལ་འཕྲི་རིན་གཅོག་སྲིད་ཇུས་ཁག་དུས་ཐོག་ཏུ་དོན་འཁྱོལ་དང་འབྲས་བུ་སྨིན་པར་ཁག་ཐེག་བྱས། ཞིང་ཆེན་ཡོངས་སུ་ལོ་ཧྲིལ་བོར་གསར་བསྣན་ཁྲལ་འཕྲི་རིན་གཅོག་སྤྱི་བསྡོམས་སྒོར་དུང་ཕྱུར61.5བྱས་པ་དང་། དེའི་ཁྲོད་དུ་གསར་བསྣན་ཁྲལ་འཕྲི་སྒོར་དུང་ཕྱུར47.5དང་། གསར་བསྣན་སྤྱི་ཚོགས་འགན་སྲུང་རིན་གཅོག་སྒོར་དུང་ཕྱུར14ཡོད། ཁེ་ལས་དང་མི་དམངས་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ལ། ཁྲོམ་རའི་སྔོན་དཔག་བརྟན་འཇགས་དང་། ཁེ་ལས་ཀྱི་ཡིད་ཆེས་མཐོར་འདེགས་བཏང་ཞིང་། དངོས་གཉེར་དཔལ་འབྱོར་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།

2. ནོར་སྲིད་ཀྱི་འགན་སྲུང་ནུས་ཤུགས་མུ་མཐུད་ཇེ་དྲག་ཏུ་བཏང་བ། མགོ་ཁུངས་དེ་བས་འབུར་ཐོན་གྱི་གནས་སུ་འཇོག་པ་རྒྱུན་འཁྱོངས་དང་དཀའ་ཁག་འགག་གཏོར་བྱེད་པ། བརྒྱུད་ལམ་མང་བོའི་སྒོ་ནས་ནོར་སྲིད་ཐོན་ཁུངས་བསྡུ་རུབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ནོར་ཤུགས་སྒོར་དུང་ཕྱུར2000གི་སྐས་རིམ་གསར་བར་བུད་དེ། དཔལ་འབྱོར་སྤྱི་ཚོགས་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས། གཅིག་ནས་ཁྲིམས་ལྟར་ཁྲལ་སྐྱོང་བྱས་པ། ཁྲལ་འཕྲི་རིན་གཅོག་དང་ཁྲིམས་ལྟར་བསྡུ་ལེན་དོ་དམ་གྱི་འབྲེལ་བ་ཐག་གཅོད་ལེགས་པོར་བྱས་ཏེ། བསྡུ་ལེན་ལས་ཁུངས་ལ་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། གཙོ་གནད་ཁྲལ་ཁུངས་དང་། གཙོ་གནད་ཁེ་ལས། གཙོ་གནད་ཁྲལ་རིགས་དང་ཁྲལ་མ་ཡིན་པའི་ཡོང་སྒོ་ཁྲིམས་ལྟར་བསྡུ་ལེན་དོ་དམ་བྱེད་པར་ཤུགས་བསྣན་ནས། འཕྲི་དགོས་པ་མཐའ་དག་འཕྲི་བ་དང་བསྡུ་དགོས་པ་མཐའ་དག་བསྡུ་བར་ཁག་ཐེག་བྱས་ཏེ། ནོར་སྲིད་ཀྱི་ཡོང་སྒོ་ལུགས་མཐུན་གྱིས་འཕར་བ་མངོན་འགྱུར་བྱས་ཡོད། གཉིས་ནས་ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱས་པ། རྒྱལ་ཁབ་སྲིད་ཇུས་ཀྱི་ཁ་ཕྱོགས་དང་མ་དངུལ་གྱི་གཏོང་ཕྱོགས་ཐད་དམ་པོར་བསྙེགས་པ་དང་། ཞིང་ཆེན་མགོ་ཁྲིད་ཀྱིས་རྒྱལ་ཁབ་པུའུ་ཨུའི་ལ་མཇལ་ནས་གྲོས་མོལ་བྱས་པའི་གཙོ་གནད་དོན་ཚན་ཁག་དམ་པོར་དམིགས་ནས། ལས་གཞི་གསོག་གྲབས་དང་ཐུམ་རྒྱག་གི་འཆར་འགོད་སྔོན་ལ་བྱས་ཏེ། བྱ་བའི་སྔོན་དུས་ཀྱི་སྣ་སོ་སོ་ལེགས་པོར་བསྒྲུབས་པ་དང་། བྱ་བའི་དམིགས་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་བརྩོན་ལེན་བྱེད་པར་ཤུགས་སྣོན་དང་། ལོ་ཧྲིལ་བོར་ཀྲུང་དབྱང་གི་རིགས་སྣ་ཚོགས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1333བརྩོན་ལེན་བྱས་པ་དང8.3%འཕར་ལ། ས་གནས་སྲིད་གཞུང་གི་གསར་བསྣན་བུ་ལོན་སྒོར་དུང་ཕྱུར352བརྩོན་ལེན་བྱས་པ་དང34.9%འཕར་ལ། བུན་འཛིན་གྱི་གཞི་རྒྱ་ཡང་བསྐྱར་ཆེས་མཐོ་བར་ཐོན་པར་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་གཞི། བཅོས་སྒྱུར་གལ་ཆེན་སོགས་ཀྱི་མ་དངུལ་དགོས་མཁོའི་ཐད་འགན་སྲུང་ནུས་ལྡན་ཐོབ་ཡོད། གསུམ་ནས་བེད་མེད་ཀྱི་རྒྱུ་ནོར་དང་མ་དངུལ་ཕན་སྒྱུར་བྱས་པ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ལྷག་འཕྲོ་རྩིས་ཁོངས་སྤོས་པ་ལོ་དེ་གའི་ཡོང་སྒོའི30%ལས་བརྒལ་བའི་ཁག་དང་། ནོར་སྲིད་ཀྱི་ཆེད་དོན་རྩིས་ཐོའི་ལྷག་འཕྲོ་མ་དངུལ་སྒོར་དུང་ཕྱུར8.1དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཁོངས་སུ་སྒྱུར་བ་དང་། སྲིད་གཞུང་གི་དངུལ་འཇོག་ཐེབས་རྩ་དང་སྲིད་གཞུང་གི་སྔོན་མའི་དངུལ་སྡུད་སྟེགས་བུའི་ཁྲོད་ཀྱི་བེད་མེད་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར8ཕྱིར་སྡུད་བྱས་ཤིང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་དུང་ཕྱུར18.1དོན་འཁྱོལ་བྱས་ཡོད། དེ་དང་མཉམ་དུ། རིམ་པ་སོ་སོའི་སྲིད་གཞུང་གིས་སྣེ་ཁྲིད་དེ་གྲོན་ཆུང་སྒོས་འཚོ་བ་རོལ་ཞིང་། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོ10%ཡན་ཇེ་ཉུང་དུ་བཏང་བ་དང། ཕན་འབྲས་ཆུང་བ་དང་ཉུང་བའི་འགྲོ་སྒོ་ཁག་ཅིག་སྙོམ་སྒྲིག་དང་ཇེ་ཉུང་དུ་བཏང་ནས། ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་དོན་འཁྱོལ་དང་གཏོང་ཡོང་གི་སྔོན་རྩིས་དོ་མཉམ་ཡོང་བར་ཁག་ཐེག་བྱས།

3. “འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ”ལ་གྲུབ་འབྲས་མངོན་གསལ་བླངས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ལངས་གནས་ཇེ་མཐོ་དང་ངོས་ཟིན་གཏིང་ཟབ་སྒོས། ནོར་སྲིད་ཀྱི་རྒྱབ་སྐྱོར་སྲིད་ཇུས་དང་བྱེད་ཐབས་སྣ་མང་དོན་འཁྱོལ་དང་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱས། གནད་ཆེའི་ཉེན་ཁ་སེལ་བར་ནུས་ཤུགས་ཡོད་རྒུས་འགོག་ཟོན་བྱས་པ། སྲིད་གཞུང་རང་བཞིན་གྱི་བུ་ལོན་དངུལ་གྲངས་དོ་དམ་ལག་བསྟར་ནན་མོ་བྱས་ཏེ། འགུལ་རྣམ་ལྟ་སྐུལ་ཚོད་འཛིན་དང་ཉེན་ཁ་སྔོན་བརྡའི་དཔྱད་དཔོག་སྤེལ་ནས། བརྡ་བསྒྲགས་དང་སྐོང་མོལ་ལམ་ལུགས་རྒྱུན་འཁྱོངས་སྒོས། ས་གནས་དང་ལས་ཁུངས་ཀྱི་བྱེད་པོའི་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། སྲིད་གཞུང་གི་མངོན་མེད་བུ་ལོན་འཕར་བ་གཏན་འགོག་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་མངོན་མེད་བུ་ལོན་སེལ་བའི་ལག་བསྟར་འཆར་འགོད་ནན་སྒོས་དོན་འཁྱོལ་དང་། ཞིང་ཆེན་གྱི་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། མངོན་མེད་བུ་ལོན་ཚད་ལྡན་དེ་ཁེ་ལས་གཉེར་སྐྱོང་རང་བཞིན་གྱི་བུ་ལོན་དུ་སྒྱུར་བའི་བརྒྱུད་ལམ་གསར་བ་འཚོལ་ཞིབ་བྱས་ནས། སྲིད་གཞུང་གི་མངོན་མེད་བུ་ལོན་ཚད་ཇེ་དམའ་རུ་བཏང་། གནད་འཁེལ་དབུལ་སྐྱོར་ལ་རྒྱབ་སྐྱོར་ཤུགས་ཆེན་བཏང་བ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་འབུར་ཐོན་གྱི་གནད་དོན་བསྡུ་རུབ་སྒོས་ཐག་གཅོད་པར། ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར55བཀོད་སྒྲིག་བྱས་ལ། དེའི་ཁྲོད་དུ་ཞིང་ཆེན་རིམ་པའི་དབུལ་སྐྱོར་མ་དངུལ་ལོ་སྔོན་མ་ལས30%འཕར་བ་དང་། དུས་མཉམ་དུ་སྔོན་ལ་ཞན་ཆའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར9.8སྤྲད་ཡོད་ལ། ལྟོས་མེད་དབུལ་ཕོངས་མི་གྲངས་དུས་ལྟར“གཙང་སེལ”མངོན་འགྱུར་ཡོང་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཡོད། དབུལ་ཕོངས་རྫོང39ཡིས་གཅིག་འདོམས་བསྡུ་རུབ་སྒོས་ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་བཀོལ་བར་མུ་མཐུད་སྐུལ་འདེད་དང་། བསྡུ་རུབ་ཁྱབ་ཁོངས་སུ་བླངས་པའི་ཞིང་ལས་དང་འབྲེལ་བའི་མ་དངུལ་སྒོར་དུང་ཕྱུར182ལ་སླེབས་ཡོད། ཞིང་ཕྱུགས་ལས་ཡིད་རྟོན་ཁག་ཁུར་ལས་ཁུངས་དང་། སྡེ་བའི་ཐུན་མོང་དཔལ་འབྱོར“སྟོང་ཆ་གསབ་པའི་ལས་གྲྭའི”ཐེབས་རྩ་བཅས་ལ་མུ་མཐུད་དུ་མ་དངུལ་བཏང་ནས། ཞིང་ཕྱུགས་ལས་དངུལ་སྡུད་སྟེགས་བུ་སྟོབས་ལྡན་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། རོང་འབྲོག་མང་ཚོགས་ཀྱིས་ཐོན་ལས་གོང་འཕེལ་ལ་བརྟེན་ནས་དབུལ་ཐར་མངོན་འགྱུར་བྱེད་པར་རོགས་རེས་བྱས་ཡོད། ཞིང་ལས་ཉེན་འགོག་རིན་སྲུང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར9བཀོད་སྒྲིག་བྱས་ཏེ། ས་མུའུ་ཁྲི14.6གི་གྲོ་འདེབས་པ་དང་བཟོ་བཅོས་བྱེད་པ་དེ་ཞིང་ལས་ཉེན་སྲུང་གི་ཁྱབ་ཁོངས་སུ་བླངས་པ་དང་། ཡུལ་ཤུལ་དང་། རྨ་ལྷོ། མཚོ་བྱང་། མགོ་ལོག་བཅས་ཀྱི་བོད་ལུག་དང་། ནོར་ནག་གི་ཉེན་སྲུང་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས། སྐྱེ་ཁམས་ཁོར་སྲུང་ཐད་ཧུར་ཐག་གིས་རྒྱབ་སྐྱོར་བྱས་པ། ནོར་སྲིད་གཏོང་སྒོའི་འགན་སྲུང་མ་ལག་ཇེ་དྲག་ཏུ་བཏང་སྟེ། མ་དངུལ་སྒོར་དུང་ཕྱུར41གཤམ་སྤྲོད་བྱས་ཡོད་ལ། གཙང་གསུམ་འབྱུང་ཡུལ་སྐབས་གཉིས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་གནས། ཆུ་རྒྱུན་ཆུང་འབྲིང་གི་བཅོས་སྐྱོང་། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་འགན་སྲུང་བྱས་པ་དང་། མཁའ་དབུགས་དང་ཆུ། ཞིང་ས་སོགས་ཀྱི་སྦགས་བཙོག་འགོག་བཅོས་གཡུལ་འཐབ་གལ་ཆེན་ལེགས་པོར་རྒྱག་པར་རྒྱབ་སྐྱོར་བྱས། སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར24གཤམ་སྤྲོད་བྱས་ནས། རྩྭ་ཐང་དང་། ནགས་ཚལ། བརླན་ས་སོགས་ཀྱི་ནོར་སྲིད་ཀྱི་བྱ་དགའི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད། གཙང་གསུམ་འབྱུང་ཡུལ་དང་ཁུ་ནུ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་འབུད་ཀྱི་ཁ་གསབ་སྟེར་བའི་བྱ་བ་བརྟན་འཇགས་ངང་སྤེལ་བར་སྐུལ་འདེད་བཏང་ཡོད།

4. དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་བསྟུད་མར་མཐོར་འདེགས་བཏང་བ། འཕེལ་རྒྱས་གསར་བའི་འདུ་ཤེས་གཏིང་ཟབ་སྒོས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས” ཀྱི་བཀོད་སྒྲིག་དང་དམ་པོར་སྦྲེལ་ཞིང་། དཔལ་འབྱོར་གོང་འཕེལ་རིགས་སྒྱུར་རིམ་སྤར་དང་། སྤུས་འབྲས་མཐོར་འདེགས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ཡོད། སྲིད་གཞུང་གི་ནུས་ལྡན་དངུལ་གཏོང་གི་སྐུལ་ཁྲིད་བྱེད་ནུས་འདོན་སྤེལ་བྱས་པ། སྲིད་གཞུང་གི་སྤྱི་པའི་དངུལ་གཏོང་གི་གཞི་རྒྱ་སྔར་བས་རྒྱ་བསྐྱེད་མ་དངུལ་སྒོར་དུང་ཕྱུར329.1གཤམ་སྤྲོད་བྱས་ཏེ། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང་། “རྨ་ཆུ་ཟི་ལིང་དུ་འདྲེན་པ”། ཟི་ལིང་སློབ་ཆེན་སོགས་ཀྱི་ལས་གཞིའི་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབས་པ་དང་། ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ་དང། ཡུལ་ཤུལ་གནམ་གྲུ་ཐང་། ཤར་རྒྱུད་གྲོང་ཁྱེར་ཁྱུ་ཚོགས། གཙོ་གནད་གཞུང་ལམ། མཛེས་པའི་གྲོང་རྡལ། མཐོ་སྒང་གི་མཛེས་པའི་གྲོང་གསེབ་སོགས་ཀྱི་ལས་གཞིའི་འཛུགས་སྐྲུན་ལག་བསྟར་ལ་རྒྱབ་སྐྱོར་བྱས་ཡོད། ནོར་སྲིད་གཏོང་སྒོའི་རྣམ་པ་གསར་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ། གཟིགས་སྐྱོང་དངུལ་ལོར་སྲིད་ཇུས་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། སྲིད་ཇུས་རང་བཞིན་གྱི་དངུལ་སྡུད་ཁག་ཁུར་མ་ལག་འཐུས་ཚང་དང་། ཡིད་རྟོན་ཉེན་ཁའི་ཁ་གསབ་ཤུགས་ཚད་ཆེ་རུ་བཏང་སྟེ། ཁེ་ལས་ཆུང་གྲས་ཀྱི་དངུལ་སྡུད་ཁག་ཁུར་རིན་གཅོག་དང་བྱ་དགའི་ཁ་གསབ་སྲིད་ཇུས་ལག་བསྟར། དམངས་གཉེར་དང་ཁེ་ལས་ཆུང་གྲས་ཀྱི་དངུལ་ལོར་ཞབས་ཕྱིའི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་བར་རྒྱབ་སྐྱོར་བྱས་ལ། སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་འབྲེལ(PPP)ལས་གཞིའི་ཚེ་སྲོག་ཡོངས་ཀྱི་དུས་འཁོར་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ད་ཡོད་ཀྱི་སྲིད་གཞུང་གི་དངུལ་གཏོང་ཐེབས་རྩ་རིགས་སྣ་ཚོགས་གཙང་སེལ་བསྡུ་རུབ་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ཞིང་། སྤྱི་ཚོགས་ཀྱི་མ་དངུལ་སྔར་ལས་མང་བོ་དངོས་སྤྱོད་དཔལ་འབྱོར་ཐད་དུ་བཏང་ནས། ནོར་སྲིད་ཀྱི་མ་དངུལ་གྱིས་ཐོན་ལས་དབུལ་སྐྱོར་གོང་སྤེལ་གྱི་ནུས་ཕྱོད་འདོན་སྤེལ་བྱེད་པར་སྣེ་འཁྲིད་ཡོད། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་མ་མཐུད་དུ་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱས་པ། ཐོན་ལས་མཉམ་འདྲེས་གཏིང་ཟབ་གོང་འཕེལ་གྱི་ཁ་ཕྱོགས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པར་མ་དངུལ་སྒོར་དུང་ཕྱུར20གཤམ་སྤྲོད་བྱས་ཏེ། བཟོ་ལས་རིགས་སྒྱུར་རིམ་སྤར་དང་། ནུས་སྲི་གྲོན་ཆུང་། འོད་ཧྥུ་འཁོར་སྐྱོད་སྲུང་སྐྱོང་། ཐོན་ནུས་ལྷག་མ་སེལ་བ་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་སོགས་ཐད་ཀྱི་གཏོང་སྒོ་ཇེ་ཆེར་བཏང་ཞིང་། སྲོལ་རྒྱུན་ཐོན་ལས་ལ་གསོན་ཤུགས་གསར་བ་སྤྲོད་པར་སྐུལ་སྤེལ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར19གཤམ་སྤྲོད་བྱས་ཏེ། ཁེ་ལས་ཆུང་འབྲིང་དང་། དམངས་གཉེར་དཔལ་འབྱོར། མཐོ་སྒང་ཁྱད་ལྡན་ཡུལ་སྐོར་བཅས་མགྱོགས་མྱུར་ངང་གོང་འཕེལ་དུ་འགྲོ་བར་རྒྱབ་སྐྱོར་བྱས་ཤིང་། དེང་རབས་ཟོང་སྐྱེལ་དང་། གློག་འཕྲིན་ཁྱབ་བརྡལ་ཞབས་ཕྱི། སྟེགས་བུ་དཔལ་འབྱོར། ལམ་ཐིག་ལེགས་སྒྱུར་སྒྲིག་བཀོད་སོགས་ལས་གཞིའི་འཛུགས་སྐྲུན་ལག་བསྟར་བྱས་ཏེ། རིམ་པ་མང་བོའི་འཛད་སྤྱོད་རིམ་སྤར་ལ་སྐུལ་སྤེལ་བཏང་ཞིང་། དཔལ་འབྱོར་གོང་འཕེལ་འདེགས་སྐྱོར་གྱི་སྒུལ་ནུས་གསར་བ་མགྱོགས་མྱུར་ངང་གྲུབ་པར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར37གཤམ་སྤྲོད་བྱས་ཏེ། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་རྒྱབ་སྐྱོར་དང་། དེང་རབས་ཞིང་ཕྱུགས་ལས་ཐོན་ལས་གླིང་ཁུལ་གསར་སྐྲུན་དང་། ནོར་ནག་དང་། ནས་སོགས་མཐོ་སྒང་གི་དེང་རབས་ཁྱད་ལྡན་ཞིང་ཕྱུགས་ལས་མགྱོགས་མྱུར་ངང་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བཏང་ནས། མཐོ་སྒང་ཁྱད་ལྡན་གྱི་ཞིང་ཕྱུགས་ལས་ཀྱི་ལེགས་ཆ་གསར་བ་འདོན་སྤེལ་བྱས་ཡོད། གཙོ་གནད་ཚན་རྩལ་ལས་གཞིའི་ཞིབ་འཇུག་གི་གཏོང་སྒོའི་ཤུགས་ཚད་ཇེ་ཆེར་བཏང་ནས། ལས་བཏོད་གསར་སྐྲུན་གྱི་སྐུལ་སྤེལ་སྲིད་ཇུས་འཐུས་ཚང་དུ་བཏང་ཞིང་། གསར་སྐྲུན་སྒུལ་ཤུགས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་གོང་འཕེལ་གྱི་འཕར་གནས་གསར་བ་ཧུར་ཐག་གིས་གསོ་སྐྱོང་བྱས་ཡོད།

5. དམངས་འཚོ་འགན་སྲུང་ཆུ་ཚད་བརྟན་འཇགས་ངང་ཇེ་མཐོར་བཏང་བ། དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་སྒྱུར་ཕན་ཚུན་སྙོམ་སྒྲིག་རྒྱུན་འཁྱོངས་བྱེད་པར། ནུས་པ་དང་བསྟུན་ཏེ་སྒྲུབ་པ་དང་ཅི་ཐུབ་ཀྱིས་བསྒྲུབས་ཤིང་། གཞི་རྩ་སྲུང་བ་དང་མ་མཐའ་སྲུང་བ་འབུར་དུ་ཐོན་པར་བྱས་ཏེ། སྲིད་གཞུང་གིས་ཁས་ལེན་བྱས་པའི་གཙོད་གནད་དམངས་འཚོའི་ལས་གྲྭའི་རིགས10དང་དོན་ཚན39འཛིན་ལུང་བྱས་ཏེ། དམངས་འཚོའི་ཆུ་ཚད་འགན་སྲུང་དང་ལེགས་སྒྱུར་བྱེད་པ་ཇེ་མཐོར་བཏང་། ལས་ཞུགས་དང་ལས་བཏོད་སྔོན་ལ་འགན་སྲུང་བྱས་པ། ལས་ཞུགས་དང་ལས་བཏོད་ཀྱི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར8དོན་འཁྱོལ་བྱས་ཏེ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་འགན་སྲུང་བྱེད་པར་རྒྱབ་སྐྱོར་བྱས་ཤིང་། གྲོང་རྡལ་དུ་གསར་བསྣན་ལས་ཞུགས་མི་གྲངས་ཁྲི6.3ལ་སླེབས་ཡོད་ཅིང་། ཞིང་ཕྱུགས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་སྤོ་སྒྱུར་ལས་ཞུགས་མི་ཐེངས་ཁྲི113ལ་སླེབས་ཡོད། བརྟན་བརླིང་ལས་གནས་ཀྱི་ཁ་གསབ་སྒོར་དུང་ཕྱུར4.1བཏང་ཞིང་། ཁེ་ལས་ལ་རོགས་རེས་སྒོས་ལས་ཞུགས་ལས་རྐང་བརྟན་འཇགས་སུ་བཏང་། འདྲ་མཉམ་གྱི་སྤུས་ལེགས་སློབ་གསོའི་གོང་འཕེལ་ལ་རྒྱབ་སྐྱོར་བྱས་པ། སློབ་གསོའི་འགྲོ་སྒོའི་སྒྲིག་གཞི་སྙོམ་སྒྲིག་དང་ལེགས་སྒྱུར་བྱེད་པར། མ་དངུལ་སྒོར་དུང་ཕྱུར64གཤམ་སྤྲོད་བྱས་ཏེ། གྲོང་གསེབ་དང་གྲོང་ཁྱེར་གཅིག་གྱུར་གྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་དོན་འཁྱོལ་དང་། འོས་འགན་སློབ་གསོའི་ཞན་ཆ་ལེགས་སྒྱུར་དང་ནུས་ཤུགས་མཐོར་འདེགས་ཀྱི་ལས་གཞི་ལག་བསྟར་བྱས་ཤིང་། སྔོན་འགྲོ་སློབ་གསོ་དང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོའི་སྙོམ་སྒྲིག་གོང་འཕེལ་ལ་གཅིག་འདོམས་སྒོས་སྐུལ་འདེད་བྱས་ལ། སྔོན་འགྲོ་ནས་མཐོ་རིམ་སློབ་གསོའི་བར་ཡོངས་སུ་ཁེབས་པའི་སློབ་མའི་རོགས་སྐྱོར་མ་ལག་བཙུགས་པ་དང་། སློབ་མ་མི་ཐེངས་ཁྲི168ལ་རོགས་སྐྱོར་ཐོབ་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་སྒོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་གཟིགས་སྐྱོང་ཐོབ་པར་བྱས། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་བ། སྤྱི་ཚོགས་འགན་སྲུང་དང་ཆེད་དོན་རོགས་རེས་ཀྱི་ཚད་གཞི་མུ་མཐུད་ཇེ་མཐོར་བཏང་ཞིང་། ཁེ་ལས་དང་དོན་ལས་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོའི་འཚོ་དངུལ་ཆ་སྙོམས་མི་རེར་ཟླ་རེར་སྒོར213འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་དངུལ་བསྡུ་ཚད་གཞི་སྒོར82ལ་ཇེ་མཐོར་བཏང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའ་བའི་འགན་སྲུང་ཚད་གཞི་སོ་སོར་ཟླ་རེར་སྒོར580དང་ལོ་རེར་སྒོར4300ཇེ་མཐོར་བཏང་ཡོད། གཞི་རྩའི་སྡོད་ཁང་གི་འགན་སྲུང་ཇེ་དྲག་ཏུ་བཏང་བ། མ་དངུལ་སྒོར་དུང་ཕྱུར25དོན་འཁྱོལ་བྱས་ཏེ། སྤྱིལ་ཁྱིམ་ཁུལ་གྱི་ཁང་བ་ཁྲི1སྒྱུར་བཀོད་ལས་འགོ་བརྩམས་པ་དང་། གྲོང་རྡལ་གྱི་སྡོད་ཁུལ་རྙིང་བའི་ཁང་བ་ཁྲི3སྒྱུར་བཀོད་དང་། རོང་འབྲོག་མང་ཚོགས་ཀྱི་ཉེན་ཁང་དང་ཁང་རྙིང་ཁྱིམ་གཞི་ཁྲི1.5སྒྱུར་བཀོད། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཁྱིམ་གཞི་ཁྲི3ཆ་རྐྱེན་ལེགས་སྒྱུར་ལས་གྲྭར་རྒྱབ་སྐྱོར་བྱས། ཉེན་འགོག་རྒུད་སྐྱོབ་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་དུང་ཕྱུར4.5གཤམ་སྤྲོད་བྱས་ཏེ། མཚོ་སྔོན་ལྷོ་ཕྱོགས་ཀྱི་གངས་སྐྱོན་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལོག ཨ་ཆེན་གངས་རྒྱབ་ཀྱི་ཚྭ་མཚོ་འཕྱུར་བ། མགོ་ལོག་གི་རི་ཉིལ་སོགས་རང་བྱུང་གི་གནོད་འཚེ་རོགས་སྐྱོབ་དང་སྔོན་འགོག་གི་བྱ་བ་ལེགས་པོར་བསྒྲུབས་ཡོད། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱས་པ། དམངས་སེམས་བརྩོན་ལེན་བྱེད་རྒྱུ་གཙོ་བོར་བཟུང་སྟེ། ཏང་གི་དྲིན་གཟོ་བར་མངོན་པའི་བྱ་བ་འགོ་རྩོམ་ས་བྱས་ཏེ། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་དུ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། ཁྲིམས་འཛིན་དབང་ཆའི་འཁོར་སྐྱོད་དང་། འགལ་བ་དང་རྩོད་གཞི་སེལ་བ་། སྲིད་ཁྲིམས་ལས་ཁུངས་ཀྱི་ནུས་ཤུགས་མཐོར་འདེགས། སྤྱི་ཚོགས་བདེ་སྐྱོང་གསར་སྐྲུན་བཅས་ཀྱི་གཏོང་ཚད་ཇེ་ཆེར་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི“བདེ་འཇགས་མཚོ་སྔོན”སྐྲུན་པར་སྐུལ་འདེད་བཏང་།

6. ནོར་ཁྲལ་སྒྲིག་གཞིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། བཅོས་སྒྱུར་གྱི་སྣ་སོ་སོ་གཅིག་འདོམས་སྐུལ་འདེད་བཏང་ནས། ཤུགས་ཆེན་པོས་བྱ་བའི་ཁྲོད་ཀྱི་དཀའ་ཁག་དང་འགག་ས་གཏོར་ཏེ། གཙོ་གཟུགས་ཀྱི་གསོན་ཤུགས་སྔར་བས་སྐུལ་སྤེལ་བྱས་ཤིང་། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སྤེལ་བྱས། སྔོན་རྩིས་དོ་དམ་བཅོས་སྒྱུར་ལ་སྐུལ་སྤེལ་བྱས་པ། ནོར་སྲིད་ཀྱི་སྲོག་ཤིང་ལས་སྒོའི་གཞི་གཅིག་ཅན་གྱི་མ་ལག་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་ངང་སྐུལ་སྤེལ་བཏང་ཞིང་། མ་ལག་གསར་བ་བཀོལ་ནས2020ལོའི་ཞིང་ཆེན་རིམ་པའི་ལས་ཁུངས་ཀྱི་སྔོན་རྩིས་བྱ་བ་སྒྲིག་བཟོ་བདེ་ལེགས་ངང་སྤེལ་ཤིང་། ལས་གཞིའི་འགྲོ་སྒོ་དང་ལས་ཁུངས་ཀྱི་ལས་འགན་གཅིག་གྱུར་དང་། ནོར་སྲིད་ཀྱི་གཞི་གྲངས་ཁྱོན་ཡོངས་ནས་ཁྱབ་པ། ནོར་སྲིད་མ་དངུལ་བཀོལ་བའི་ལས་ཆོད་བཅས་རྒྱུན་མཐུད་ངང་ཇེ་མཐོར་འགྲོ་བའི་དམིགས་འབེན་ནུས་ལྡན་ངང་མངོན་འགྱུར་བྱས། ལས་གཞི་མཛོད་ཀྱི་དོ་དམ་དང་། ལས་གཞིའི་སྔོན་རྩིས་སྒྲིག་ལུགས“1+3”གྱི་སྔོན་རྩིས་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ལ། གཞུང་ལས་ཁང་གི་གསར་སྐྲུན་ལས་གཞི་དང་གློག་སྐས་བརྗེ་བའི་འགྲོ་སྒོའི་ཚད་གཞི་གཏན་འབེབས་དང་། ལས་གཞིའི་འགྲོ་སྒོའི་ཚད་གཞི་མ་ལག་མུ་མཐུད་འཐུས་ཚང་དུ་སྐྲུན་ཡོད། བསགས་ཡོད་པའི་མ་དངུལ་གཙང་སེལ་འགུལ་སྐྱོད་སྤེལ་བ་དང་། ཐོག་དང་བོར་གྲོང་ཁྱེར(ཁུལ)དང་རྫོང་ནས་ལོ་གཉིས་ཡན་གྱི་བསགས་ཡོད་པའི་མ་དངུལ་ཕྱིར་སྡུད་བྱས་ཤིང་། ལས་གཞི་ལག་བསྟར་གྱི་འགྲོས་ཚད་མགྱོགས་མྱུར་ངང་སྤེལ་བར་ལྟ་སྐུལ་བྱས་ཡོད། སྔོན་རྩིས་དང་ངེས་རྩིས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་སྟེགས་བུ་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། ཆ་འཕྲིན་རྒྱུན་རིང་རང་བཞིན་གྱི་ཡོངས་བསྒྲགས་མངོན་འགྱུར་བྱས། ནོར་སྲིད་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ། ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་སྒོས། སློབ་གསོ་དང་། ཚན་རྩལ། འགྲིམ་འགྲུལ། ཕྱི་དོན་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་དབང་དང་འགྲོ་སྒོའི་འགན་འཁྲི་དབྱེ་གཅོད་བཅོས་སྒྱུར་གྱི་འཆར་གཞི་གཏན་འབེབས་བཏོན་ཡོད། གཞི་རྒྱ་སྔར་ལས་ཆེ་བའི་ཁྲལ་འཕྲི་རིན་གཅོག་བརྟན་འཇགས་ངང་ལག་བསྟར་ལ་སྐུལ་འདེད་བཏང་རྗེས། ཞིང་ཆེན་དང་གྲོང་ཁྱེར་དང་ཁུལ་གྱི་ཡོང་སྒོ་དབྱེ་གཅོད་བཅོས་སྒྱུར་བྱས་ཤིང་། ད་ཡོད་ནོར་ཤུགས་ཀྱི་སྒྲིག་གཞི་སྤྱིའི་བརྟན་འཇགས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། ས་གནས་ཀྱི་ཁྲལ་བསྡུའི་རྣམ་པ་ལེགས་སྒྱུར་བྱས་ཏེ། ཁྲལ་སྡུད་འཕར་ཚད་བསྟུད་མར་གཤམ་སྤོར་བྱས་པ་དང་། གྲོང་ཁྱེར(ཁུལ)དང་རྫོང་སྲིད་གཞུང་གིས་ནོར་ཁུངས་གསོ་སྐྱོང་བྱེད་པའི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱས་ཏེ། རང་བདག་འགན་སྲུང་ནུས་ཤུགས་ཇེ་དྲག་ཏུ་བཏང་། ཁྲལ་བསྡུ་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ། ཀྲུང་དབྱང་གི་རིན་འཕར་ཁྲལ་དང་མི་སྒེར་གྱི་ཐོབ་ཁྲལ་བཅོས་སྒྱུར་བྱེད་ཐབས་དོན་འཁྱོལ་བྱས་ནས། 《མཚོ་སྔོན་ཞིང་ཆེན་གྱི་རྨོ་སའི་བཟུང་ཁྲལ་དང་བཀོལ་ཁྲལ་ཚད་ཀྱི་ཚད་གཞིའི་འཆར་གཞི》གཏན་འབེབས་བྱས་ཤིང་། གན་ཁྲལ་དང་ཐོན་ཁུངས་ཁྲལ་སོགས་ས་གནས་ཀྱི་ཁྲལ་རིགས་སྲིད་ཇུས་ཞིབ་འཇུག་ལ་ཤུགས་བསྣན་ནས། ས་གནས་ཀྱི་དཔྱ་ཁྲལ་མ་ལག་མུ་མཐུད་དུ་འཐུས་ཚང་ཡོང་བར་རྨང་གཞི་བརྟན་པོ་བཏང་ཡོད།

7. ནོར་སྲིད་དོ་དམ་བྱེད་པའི་རྨང་གཞི་མུ་མཐུད་ཇེ་བརྟན་དུ་བཏང་བ། ལམ་ལུགས་འཛུགས་སྐྲུན་དང་ལག་བསྟར་ནན་མོར་བཟུང་ཞིང་། སླེ་བཙུགས་པ་དང་། སྐྱོན་ཆ་གསབ། ལྟ་སྐུལ་དྲག་ཏུ་བཏང་སྟེ། ནོར་སྲིད་མ་དངུལ་དངོས་གནས་དོ་དམ་ལེགས་པོ་དང་བཀོལ་སྤྱོད་ལེགས་པོ་བྱས། སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་ལ་ཤུགས་བསྣན་པ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་མིང་ཐོག་ནས《སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ལག་བསྟར་བསམ་འཆར》བཏོན་པ་དང་། སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་བཅོས་སྒྱུར་གྱི་གོམ་སྟབས་མགྱོགས་སུ་བཏང་ནས། སྔོན་རྩིས་དང་ལས་ཕྱོད་ཀྱི་དོ་དམ་གཞི་གཅིག་ཅན་དུ་སྐུལ་འདེད་བཏང་ཡོད། གཙོ་གནད་ལས་ཕྱོད་ཀྱི་དཔྱད་འཇོག་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་བཙུགས་ནས། གཙོ་གནད་ལས་གཞི36དང་སྲིད་ཇུས་ལ་རྩ་འཛུགས་སྒོས་ལས་ཕྱོད་དཔྱད་འཇོག་སྤེལ་ཞིང་། འབྲེལ་ཡོད་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར304ལ་ཐོན་ནས། སྔོན་རྩིས་བཀོད་སྒྲིག་ལ་ཟུར་ལྟའི་དཔྱད་གཞི་འདོན་སྤྲོད་བྱས། སྔོན་རྩིས་ལག་བསྟར་གྱི་དོ་དམ་ཇེ་དྲག་ཏུ་བཏང་བ། སྔོན་རྩིས་ལག་བསྟར་གྱི་ལྟ་བཤེར་དབྱེ་ཞིབ་ལ་ཤུགས་བསྣན་ནས། ནོར་སྲིད་མ་དངུལ་གྱི་འགུལ་རྣམ་ལྟ་བཤེར་མ་ལག་འཐུས་ཚང་དུ་སྐྲུན་ཞིང་། སྔོན་རྩིས་ལག་བསྟར་ཚད་ལྡན་དང་། མ་དངུལ་བཀོལ་སྤྱོད་བདེ་འཇགས་དང་སྤྱོད་ནུས་མཐོ་བར་ཁག་ཐེག་བྱས་ཡོད། མཛོད་དངུལ་སྙོམ་སྒྲིག་གི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གཞི་རིམ་གྱིས“འགན་གསུམ”ལེགས་པོར་བསྒྲུབས་པ་དང་། ངལ་ལས་གླ་ཕོགས་སྟེར་བ། དམངས་གཉེར་ཁེ་ལས་ཀྱིས་རྩིས་དངུལ་ཕྱིར་འགྱངས་བྱས་པ་གཙང་སེལ་སོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས། རྒྱལ་དབང་རྒྱུ་ནོར་དོ་དམ་ལ་ཤུགས་བསྣན་པ། རྒྱལ་དབང་རྒྱུ་ནོར་དོ་དམ་སྙན་ཞུ་ལམ་ལུགས་དོན་འཁྱོལ་བྱས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་དབང་རྒྱུ་ནོར་དོ་དམ་གྱི་གནས་ཚུལ་ཕྱོགས་བསྡུས་སྙན་ཞུ་དང་སྲིད་འཛིན་དོན་ལས་ལས་ཁུངས་ཀྱི་རྒྱལ་དབང་རྒྱུ་ནོར་ཆེད་དོན་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་རིམ་པའི་ཏང་སྲིད་ལས་ཁུངས་དང་དོན་ལས་ལས་ཁུངས་ཀྱིས་གཉེར་སྐྱོང་རང་བཞིན་གྱི་རྒྱལ་དབང་རྒྱུ་ནོར་ལ་ཕྱོགས་བསྡུས་གཅིག་གྱུར་གྱི་ལྟ་བཤེར་ཚོད་ལྟའི་བྱ་བ་བརྟན་འཇགས་ངང་སྐུལ་འདེད་བཏང་ཡོད། རྒྱལ་དབང་དངུལ་ལོར་མ་རྩའི་དོ་དམ་འཐུས་ཚང་དུ་བཏང་བ། 《ས་གནས་ཀྱི་རྒྱལ་དབང་དངུལ་ལོར་མ་རྩའི་དོ་དམ་འཐུས་ཚང་དུ་གཏོང་བའི་ལག་བསྟར་བསམ་འཆར》བཏོན་ནས། རྒྱལ་དབང་དངུལ་ལོར་མ་རྩའི་དོ་དམ་སྒྲིག་གཞི་རྐྱེན་སྲོལ་མཐུན་སྦྱོར་བྱས་ཏེ། ཞིང་ཆེན་རིམ་པའི་རྒྱལ་དབང་དངུལ་ལོར་མ་རྩ་དངུལ་གཏོང་མཁན་གྱི་ལས་འགན་ཕྱོགས་བསྡུས་གཅིག་གྱུར་སྒོས་ལག་བསྟར་བྱས། སྲིད་གཞུང་གི་ཉོ་སྒྲུབ་དོ་དམ་གཏིང་ཟབ་ཏུ་བཏང་བ། “མཉམ་འབྲེལ་དྲ་བ+སྲིད་གཞུང་གི་ཉོ་སྒྲུབ”རྣམ་པ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་སུ“གློག་རྡུལ་ཚོང་ར”སྤེལ་ནས། སྲིད་གཞུང་གི་ཉོ་སྒྲུབ་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ལེགས་སྒྱུར་བྱས་ཡོད། སྲིད་གཞུང་གི་རྩིས་གཉེར་དོ་དམ་ལ་ཤུགས་བསྣན་པ། སྲིད་གཞུང་གི་རྩིས་གཉེར་ཚད་གཞི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱས་ཏེ། ནོར་སྲིད་བྱ་བའི་རྨང་གཞི་མུ་མཐུད་དུ་སྲ་བརྟན་དང་། རྩིས་གཉེར་བྱ་བ་ཚད་ལྡན་དོ་དམ་དང་ལས་རིགས་སྐྱོན་བྲལ་ངང་འཕེས་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།

གོང་གསལ་གྱི་བྱ་བའི་གྲུབ་འབྲས་ནི། ཞིང་ཆེན་ཏང་ཨུའི་སྤྱི་ཡོངས་ཀྱི་བཀོད་འདོམས་དང་། ཡང་དག་པའི་དབུ་ཁྲིད་ཀྱི་གྲུབ་འབྲས་དང་། ཞིང་ཆེན་དམངས་ཆེན་དང་། ཞིང་ཆེན་སྲིད་གྲོས་དང་འཐུས་མི་ཨུ་ཡོན་དག་གིས་ལྟ་སྐུལ་མཛུབ་སྟོན་དང་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པའི་འབྲས་བུ་ཡིན་ལ། རིམ་པ་སོ་སོ་དང་ལས་ཁུངས་སོ་སོས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་འབད་བརྩོན་ལས་བྱུང་བའི་འབྲས་བུའང་ཡིན། དེ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བ་དང་སྔོན་རྩིས་ལག་བསྟར་ཁྲོད་དུ་སྔར་བཞིན་དཀའ་ཁག་དང་གནད་དོན་ཁག་ཅིག་ཡོད་ལ། གཙོ་བོ་ནི། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་བསྟུད་མར་བྱུང་བ་དང་ཁྲལ་འཕྲི་རིན་གཅོག་གི་ཕན་འབྲས་རིམ་བཞིན་ལག་བསྟར་བྱས་པ་སོགས་ཀྱི་རྒྱུ་རྐྱེན་ཤུགས་རྐྱེན་ཐེབས་པའི་དབང་གིས་ནོར་སྲིད་ཡོང་སྒོ་འཕར་ཚད་ཇེ་དལ་དུ་སོང་ཞིང་། སྲ་གཤིས་དང་གཙོ་གནད་ལས་གཞིའི་འགྲོ་སྒོའི་དགོས་མཁོ་འཕར་ཚད་མགྱོགས་པས། སྔོན་རྩིས་ཀྱི་དོ་མཉམ་ཉག་ཕྲ་བའི་རྒྱུན་རྣམ་གསར་བར་གྱུར་བ་དང་། གཞི་རིམ་གྱི་ས་ཁུལ་ཁག་གི་ནོར་སྲིད་འཁོར་སྐྱོད་ལ་དཀའ་ཁག་བྱུང་། ལས་འཁྱུར་ངལ་གསོ་བྱེད་མི་ལོ་ལྟར་ཇེ་མང་དང་། རྒན་གསོའི་འཚོ་དངུལ་སྟེར་བའི་ཚད་གཞི་ལོ་ལྟར་ཇེ་མཐོར་སོང་བར་མ་ཟད། སྤྱི་ཚོགས་འགན་སྲུང་གི་རིན་ཚད་ཇེ་དམའ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། སྤྱི་ཚོགས་ཐེབས་རྩ་ཁག་ཅིག་གིས་ལོ་དེའི་ཡོང་སྒོས་འགྲོ་སྒོ་མི་ཟིན་ལ་ལོ་རིམ་བྱུང་གི་ལྷག་འཕྲོ་གསོག་པའི་མགྱོགས་ཚད་ཇེ་ཐུང་དུ་ཕྱིན་པས། འཁོར་སྐྱོད་ཀྱི་ཉེན་ཁ་རིམ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད། ནོར་སྲིད་ཀྱི་ཆེད་དོན་མ་དངུལ་དོ་དམ་ལ་ད་དུང་ཞན་ཆའི་ཁག་ཡོད་པས། དབྱེ་བགོ་ལྗིད་པ་དང་དོ་དམ་ཡང་བའི་གནད་དོན་ད་དུང་རྩ་བ་ནས་ཐག་གཅོད་བྱེད་ཐུབ་མེད་པར། མ་དངུལ་བཀོལ་སྤྱོད་ཀྱི་ལས་ཕྱོད་སྔར་བས་ཇེ་མཐོར་གཏོང་དགོས། ས་ཁུལ་དང་ལས་ཁུངས་ཁག་ཅིག་གི་ལས་གཞི་འཆར་འགོད་ཀྱི་ནུས་ཤུགས་དང་ཆུ་ཚད་མི་འདང་བས། མཛོད་ཉར་ལས་གཞིའི་སྤུས་ཚད་མི་མཐོ་བར་ཆུང་སིལ་ཐོར་གསུམ་གྱི་གནད་དོན་ཡོད་ཅིང་། ལྷག་པར་བུན་འཛིན་ལས་གཞིའི་གསོག་འཇོག་གི་སྔོན་གྱི་བྱ་བར་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་གི་མངོན་མེད་བུ་ལོན་སེལ་བའི་གནོན་ཤུགས་ཅུང་ཆེ་ཤིང་ས་ཁུལ་ཁ་ཤས་ཀྱི་བུན་འཛིན་ཉེན་ཁར་སྣང་ཆུང་གཏན་ནས་བྱེད་མི་ཉན། དེར་བརྟེན། ང་ཚོས་ཚད་མཐོན་པོས་གཙིགས་སུ་བཟུང་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་ལ་སྔར་བས་ཤུགས་བསྣན་ཞིང་། དོན་དང་ལྡན་པའི་བྱེད་ཐབས་སྤྱད་ནས་སྔར་ལས་ནན་ཏན་སྒོས་ཐག་གཅོད་བྱ་རྒྱུ་ཡིན།

གཉིས། 2020ལོའི་ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པའི་སྔོན་རྩིས་སྐོར་གྱི་འཆར་ཟིན།

2020ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་དང“ལོ་ལྔའི་འཆར་འགོད་བཅུ་གསུམ་པ”ཡོངས་སུ་འགྲུབ་པའི་ལོ་ཡིན་ཞིང་། ལོ་བརྒྱའི་འབད་བརྩོན་དམིགས་འབེན་དང་པོ་མངོན་འགྱུར་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”གོང་སྤེལ་དང་ལོ་བརྒྱའི་འབད་བརྩོན་དམིགས་འབེན་གཉིས་པ་མངོན་འགྱུར་འབྱུང་བར་རྨང་གཞི་ལེགས་པོ་འདིང་དགོས་སྟབས། འདི་ནི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་ཡིན་ལ། འགག་གཏོར་གྱི་དུས་ཀྱང་ཡིན་པས། ནོར་སྲིད་དཔལ་འབྱོར་གྱི་བྱ་བ་ལེགས་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ནོར་སྲིད་བྱ་བ་དང་སྔོན་རྩིས་བཀོད་སྒྲིག་དེ་དུས་རབས་གསར་བར་འཚམ་པ་དང་། དམིགས་འབེན་གསར་བར་དམིགས་དགོས་ལ། ནོར་སྲིད་ཀྱི་འགན་ནུས་བྱེད་ནུས་དེ་བས་ཀྱང་འདོན་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས།

(གཅིག) 2020ལོའི་ནོར་སྲིད་ཀྱི་གནས་བབ་དབྱེ་ཞིབ།

2020ལོར་རང་རྒྱལ་གྱི་གོང་འཕེལ་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཏུ་གནས་ཡོད་ལ། དཔལ་འབྱོར་བརྟན་འཇགས་ངང་ཇེ་ལེགས་སུ་འགྲོ་བ་དང་རྒྱུན་རིང་ངང་ཇེ་ལེགས་སུ་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད་པས། ཀྲུང་དབྱང་གིས་ནོར་སྲིད་སྲིད་ཇུས་སྔར་བཞིན་ཧུར་ཐག་གིས་ལག་བསྟར་བྱས་ཏེ་ནོར་སྲིད་ཀྱི་གཏོང་ཡོང་ཚད་རྒྱུན་འཁྱོངས་བྱ་རྒྱུ། ཁྲལ་འཕྲི་རིན་གཅོག་གིས་དངོས་སྤྱོད་དཔལ་འབྱོར་ཀྱི་རོགས་སྐྱོར་ཕན་འབྲས་རིམ་བཞིན་མངོན་གསལ་དུ་གྱུར་བ་དང་། “བརྟན་བརླིང་དྲུག”ལེགས་པོར་བསྒྲུབ་ནས་དཔལ་འབྱོར་བརྟན་འཇགས་ངང་འཕར་བར་རྨང་གཞི་བརྟན་པོ་བཏིང་ཞིང་། ལག་རྩལ་གསར་སྐྲུན་གྱིས་སྒུལ་ནུས་གསར་རྙིང་སྒྱུར་བ་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་གྱི་རྒྱུ་རྐྱེན་ཇེ་མང་ནས་ཇེ་མང་དུ་སོང་བ་དང་། ཁྲལ་བསྡུ་རིན་བསྡུའི་རྨང་གཞི་ཉིན་རེར་ཇེ་བརྟན་དུ་གཏང་དགོས། དེ་དང་མཉམ་དུ། ང་ཚོས་ཀྱང་གསལ་བོར་ངེས་ཡོད་པ་ནི། དེང་སྐབས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་གི་ཆ་རྐྱེན་དག་ལ་རྙོག་འཛིང་གི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ལ། རང་རྒྱལ་སྔར་བཞིན་གོང་འཕེལ་གྱི་རྣམ་པ་སྒྱུར་བ་དང་། དཔལ་འབྱོར་གྱི་སྒྲིག་གཞི་ལེགས་སྒྱུར། འཕར་ཚད་སྒུལ་ཤུགས་བརྗེ་སྒྱུར་བྱེད་པའི་འགག་གཏོར་དུས་ལ་འཁེལ་བ་དང་། སྒྲིག་གཞིའི་རང་བཞིན་དང་། ལམ་ལུགས་རང་བཞིན། འཁོར་ཡུན་རང་བཞིན་བཅས་ཀྱི་གནད་དོན་ཕན་ཚུན་འབྲེལ་ཞིང་། “དུས་གསུམ་སྣོལ་རྩེག”གི་ཤུགས་རྐྱེན་བསྟུད་མར་གཏིང་ཟབ་ཏུ་སོང་བ་དང་། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཆེར་སོང་བས་ནོར་སྲིད་ཀྱི་གཏོང་ཡོང་འགལ་བ་སྔར་བས་འབུར་དུ་ཐོན་འདུག བྱེ་བྲག་གིས་རང་ཞིང་ཆེན་ལ་བལྟས་ན། གཙོ་བོ་འདི་ལྟར་མངོན་ཡོད་དེ།

ནོར་སྲིད་ཀྱི་ཡོང་སྒོ་འཕར་བར་དཀའ་ཁག་ཆེ་བ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་དང་ཁྲལ་ལུགས་བཅོས་སྒྱུར་གྱི་ཆ་སྒྲིག་སྲིད་ཇུས་ཡིན་པའི་ཆ་ནས། ཁྲལ་འཕྲི་རིན་གཅོག་དེ་དེང་སྐབས་དང་མ་འོངས་པའི་དུས་ངེས་ཅན་ཞིག་གི་ནང་དུ་ལག་བསྟར་བྱ་དགོས་ལ། སྔོན་དཔག་བྱས་ན2020ལོའི་སྲིད་ཇུས་ཀྱི་ཤུགས་ཚད2019ལོའི་ཆུ་ཚད་ལས་དམའ་མི་སྲིད་པ་དང་། དེའི་སྟེང་དུ་རང་རེའི་ཞིང་ཆེན་གྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ལ་དཀའ་ཁག་ཆེ་བས། གཙོ་གནད་བཟོ་ལས་ཁེ་ལས་ཁག་ཅིག་གི་ཁྲལ་བསྡུ་ཚད་ཆེ་བའི་སྒོ་ནས་མར་ཆག་པ་དང་། ཡོང་སྒོའི་རྩ་འཛུགས་སྔར་བཞིན་དཀའ་ཁག་ཧ་ཅང་ཆེན་པོ་ཡོད། གཞན་ད་དུང་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་འོག ཀྲུང་དབྱང་ནོར་སྲིད་ཡོང་སྒོར་

ཤུགས་རྐྱེན་ཐེབས་པས། 2020ལོར་ས་གནས་ཀྱི་སྤོ་སྒྱུར་གཏོང་སྤྲོད་ཚད་མངོན་གསལ་སྒོས་ཇེ་དལ་དུ་འགྲོ་སྲིད་ལ། ལྷག་པར་ཆེད་སྤྱོད་སྤོ་སྒྱུར་གཏོང་སྤྲོད་ཚད་ཇེ་དམའ་རུ་འགྲོ་བ་དང་། ཀྲུང་དབྱང་གི་རོགས་སྐྱོར་ཁ་གསབ་བརྩོན་ལེན་བྱེད་པར་སྔ་ན་མེད་པའི་དཀའ་ཁག་ཡོད།

ནོར་སྲིད་ཀྱི་གཏོང་ཡོང་གནོན་ཤུགས་ལྡབ་འཕར་བྱུང་བ། 2020ལོར་ནོར་སྲིད་ཀྱི་གཏོང་ཡོང་ལ་གནོན་ཤུགས་ཆེན་པོ་ཕྱོགས་བཞིའི་ཐད་དུ་ཡོད་དེ། གཅིག་ནི་ལས་གཞི་གལ་ཆེན་ལ་མ་དངུལ་མཁོ་བའི་གནོན་ཤུགས། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང་། རྨ་ཆུ་ཟི་ལིང་དུ་འདྲེན་པ། ཟི་ལིང་སློབ་ཆེན། ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ་སོགས་མཚོ་སྔོན་གྱི་རྒྱུན་རིང་འཕེལ་རྒྱས་དང་འབྲེལ་བའི་ལས་གཞི་གལ་ཆེན་ཁག་ཅིག 2020ལོར་བསྟུད་མར་ལས་འགོ་རྩོམ་རྒྱུ་ཡིན་པས་མ་དངུལ་འབོར་ཆེན་གྱི་དགོས་མཁོ་ཡོད། གཉིས་ནི་ནོར་སྲིད་ཀྱི“འགན་སྲུང་གསུམ”གྱི་འགྲོ་སྒོའི་གནོན་ཤུགས། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཀྱིས་འཚོ་སྐྱོང་བྱེད་པའི་མི་སྣའི་གླ་ཕོགས་དང་ཕན་བདེ་གཏོང་སྤྲོད་དང་ལས་ཁུངས་འཁོར་སྐྱོར་གྱི་འགྲོ་སྒོ་ཕུད་པ་ལས་གཞན། ད་དུང་སློབ་གསོ་དང་། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་སོགས་ཁྱབ་ཁོངས་དང་འབྲེལ་བའི་གཞི་རྩའི་དམངས་འཚོའི་འགྲོ་སྒོ་འབོར་ཆེན་གཏོང་དགོས། གསུམ་ནི་སྤྱི་ཚོགས་འགན་སྲུང་ལ་ནོར་སྲིད་ཀྱིས་མ་མཐའ་སྲུང་བའི་གནོན་ཤུགས། སྤྱི་ཚོགས་འགན་སྲུང་གི་ཐེབས་རྩ་འཁོར་སྐྱོད་ཀྱི་ཉེན་ཁ་འགོག་ཆེད། ནོར་སྲིད་ཀྱིས་སྤྱི་ཚོགས་འགན་སྲུང་གི་ཐེབས་རྩར་ཁ་གསབ་རོགས་སྐྱོར་བྱེད་པ་ལོ་རེར་ཇེ་མང་དུ་འགྲོ་བ་དང་། མ་མཐའ་སྲུང་བའི་གནོན་ཤུགས་དེ་མགྱོགས་མྱུར་ངང་སྔོན་རྩིས་སུ་བརྒྱུད་སྤྲོད་བྱས་ཡོད། བཞི་ནི་བུ་ལོན་གྱི་མ་སྐྱེད་སྤྲོད་པའི་གནོན་ཤུགས། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་བུ་ལོན་གཞི་རྒྱ་འཕར་བ་ལས་ཉུང་དུ་མི་འགྲོ་བ་དང་། མངོན་མེད་བུ་ལོན་སེལ་བར་ཡང་ཚ་རླབས་ཤིག་འཕྱུར་སྲིད་ལ། རིམ་པ་སོ་སོའི་ནོར་སྲིད་ཀྱིས་མ་དངུལ་འབོར་ཆེན་བཀོད་སྒྲིག་བྱས་ཏེ་མ་སྐྱེད་སྤྲོད་པ་དང་བུ་ལོན་སེལ་བར་བཀོལ་དགོས།

སྤྱིའི་ཆ་ནས་བལྟས་ན། ཞིང་ཆེན་ཡོངས་ཀྱི་ས་གནས་ནོར་སྲིད་ཀྱི་ཡོང་སྒོའི་གཞི་གྲངས་ཆུང་བ་དང་། ཀྲུང་དབྱང་གི་སྤོ་སྒྱུར་རིན་སྤྲོད་ཀྱི་འཕར་ཚད་ལ་ཚད་བཀག་ཡོད་ཅིང་། ས་གནས་ནོར་སྲིད་ལ་རང་དབང་གིས་དབྱེ་བགོ་བྱེད་པའི་ནོར་ཤུགས་ཆུང་བས། ཡོང་འབབ་འཕར་བའི་འགོ་ཁུངས་ཀྱི་ལམ་བུ་རྒྱ་ཆེན་པོ་མེད། སྲ་གཤིས་དང་གཙོ་གནད་ལས་གཞིའི་འགྲོ་སྒོའི་དགོས་མཁོ་ཇེ་ཆེ་ནས་ཇེ་ཆེར་སོང་ཞིང་། རིམ་པ་སོ་སོའི་སྲིད་གཞུང་གིས་ཤུགས་ཆེན་པོས་གྲོན་ཆུང་སྒོས་འཚོ་བ་རོལ་ནའང་། གྲོན་ཆུང་བྱས་པའི་མ་དངུལ་གྱིས་གསར་བསྣན་བྱུང་བའི་འགྲོ་སྒོའི་དགོས་མཁོ་རྩ་བ་ནས་སྐོང་ཐུབ་མེད་ལ། ནོར་སྲིད་ལ་འཕྲད་པའི་གནས་བབ་དེ་སྔོན་གྱི་དུས་གང་ཞིག་ལས་ཀྱང་དཀའ་ཁག་ཆེ་ལ། སྔོན་རྩིས་ཀྱི་དོ་མཉམ་ཉག་ཕྲ་བ་དེ་དེང་སྐབས་དང་དེང་ཕྱིན་གྱི་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་རྒྱུན་མཐུད་འབྱུང་བས། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ལ་འགྲན་སློང་ཆེན་པོ་བྱུང་ཡོད།

(གཉིས) 2020ལོའི་སྔོན་རྩིས་སྒྲིག་བཟོའི་མཛུབ་སྟོན་བསམ་བློ།

2020ལོའི་སྔོན་རྩིས་སྒྲིག་བཟོའི་མཛུབ་སྟོན་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གསུམ་པ་བཞི་བ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། “འདུ་ཤེས་བཞི”ཇེ་ཟབ་དང“ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ་དང་།“སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བྱས་ཏེ། “ཐབས་ཇུས་བཞི་ཅན་ལྔ”ལག་བསྟར་གཏིང་ཟབ་བྱེད་ཅིང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཧུར་ཐག་གིས་སྐུལ་འདེད་བྱེད་པ་དང་དམ་པོར་འབྲེལ་ནས། བརྟན་བརླིང་ངང་ཡར་རྒྱས་ལ་བརྩོན་པའི་བྱ་བ་སྤྱིའི་མདོ་དོན་རྒྱུན་འཁྱོངས་བྱས་ཤིང་། འཕེལ་རྒྱས་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་བྱེད་ཕྱོགས་གཙོ་བོར་འཛིན་པ་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་འབྱེད་ཀྱིས་སྒུལ་ཤུགས་བྱེད་པ་རྒྱུན་འཁྱོངས། “འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ”ལ་རྒྱལ་ཁ་ལོན་པར་སེམས་ཐག་ཆོད་ཅིང་། “བརྟན་བརླིང་དྲུག”གི་བྱ་བ་ཁྱོན་ཡོངས་ནས་ལེགས་པོར་བསྒྲུབ་པ། འཕར་སྣོན་བརྟན་སྲུང་དང་། བཅོས་སྒྱུར་སྐུལ་སྤེལ། སྒྲིག་གཞི་ལེགས་སྒྲིག དམངས་འཚོར་གཟིགས་སྐྱོང་། ཉེན་ཁ་སྔོན་འགོག བརྟན་འཇགས་སྲུང་སྐྱོང་བཅས་ཀྱི་བྱ་བར་གཅིག་འདོམས་སྐུལ་འདེད་བྱ་དགོས། ཕན་ནུས་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལ་ཤུགས་ཆེན་པོས་སྤུས་འབྲས་མཐོར་འདེགས་གཏང་དགོས་ལ། སྒྲིག་གཞི་སྙོམ་སྒྲིག་ལ་དེ་བས་ཀྱང་གཙིགས་ཆེན་བྱ་དགོས། ཁྲལ་འཕྲི་རིན་གཅོག་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ། སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། “ཡོང་སྒོ་ལས་འགྲོ་སྒོ་གཏན་འཁེལ་བྱེད་པའི”རྩ་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། ནོར་སྲིད་ཀྱི་འགྲོ་སྒོའི་སྒྲིག་གཞིའི་ཤུགས་ཚད་ལེགས་སྒྱུར་ཆེ་རུ་བཏང་ཞིང་། སྲིད་གཞུང་གིས་གྲོན་ཆུང་སྒོས་འཚོ་བ་རོལ་བ་རྒྱུན་འཁྱོངས་བྱས་ནས། འགན་སྲུང་ཡོད་ལ་ཇེ་ཉུང་དུའང་གཏོང་བ་དངོས་གནས་བསྒྲུབ་ཐུབ་པར་བྱེད་པ། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་ལེགས་པོོར་བཀོལ་ནས། ས་གནས་སྲིད་གཞུང་གི་དངུལ་བསྡུ་རྣམ་པ་ཚད་ལྡན་དུ་བཏང་ཞིང། སྲིད་གཞུང་རང་བཞིན་གྱི་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་དེ་སེལ་བར་བྱ་དགོས། ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། དེང་རབས་ནོར་སྲིད་ལམ་ལུགས་མགྱོགས་མྱུར་ངང་བསྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་མུ་མཐུད་དུ་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡིན་པ་སྲུང་འཛིན་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་དང“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ཕུན་སུམ་ཚོགས་པར་མཇུག་བསྡུ་ཐུབ་པ་ཁག་ཐེག་བྱ་དགོས།

གོང་གི་མཛུབ་སྟོན་བསམ་བློ་ལྟར། ང་ཚོས“ཡོང་སྒོའི་སྔོན་རྩིས་ལ་དངོས་ཐོག་བདེན་འཚོལ་དང་ཚན་རིག་གིས་སྔོན་དཔག་བྱེད་པ། འགྲོ་སྒོའི་སྔོན་རྩིས་ལ་ཚོད་འཛིན་ནན་མོ་དང་ཡོང་སྒོ་ལས་འགྲོ་སྒོ་གཏོང་བ། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ལ་ཤུགས་བསྣོན་པའི”བླང་བྱ་གཞིར་བཟུང་ནས། བསྡུ་རུབ་དང་། ལེགས་སྒྱུར། སྲ་བརྟན། མཐོར་འདེགས་བཅས་ཕྱོགས་བཞིའི་ཐད་ནས2020ལོའི་གཏོང་ཡོང་གི་སྔོན་རྩིས་བཀོད་སྒྲིག་གི་རྩ་བའི་རྩ་དོན་ནི་འདི་ལྟར།

གཅིག་ནི་ནོར་ཤུགས་བསྡུ་རུབ་བྱས་ཏེ་དོན་ཆེན་བསྒྲུབ་པ། ས་ཁུལ་ཀྱི་ཐོན་སྐྱེད་སྤྱི་འབོར་དོ་མཉམ་ངང་འཕར་བ་ལས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་བཀོད་སྒྲིག་བྱེད་པ། འོས་འཚམ་སྒོས་ཀྲུང་དབྱང་གི་སྤོ་སྒྱུར་གཏོང་སྤྲོད་བཀོད་སྒྲིག་གི་སྔོན་རྩིས་ལ་སྔོན་དཔག་བྱེད་པ། སྔོན་ལ་གཤམ་སྤྲོད་བྱས་པའི་ས་གནས་སྲིད་གཞུང་གི་བུ་ལོན་དངུལ་བཅད་དེ་ལོ་མགོའི་སྔོན་རྩིས་སུ་བསྡུ་ལེན་བྱེད་པ། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་མདུན་གྲས་སུ་བཞག་ནས། འཐབ་ཇུས་གལ་ཆེན་དང་། སྲིད་ཇུས་གལ་ཆེན། བཅོས་སྒྱུར་གལ་ཆེན། ལས་གཞི་གལ་ཆེན་བཅས་དོན་འཁྱོལ་དང་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། གཉིས་ནི་ནོར་སྲིད་ཐོན་ཁུངས་སྒྲིག་བཀོད་ཀྱི་ལས་ཕྱོད་ལེགས་སྒྱུར་བྱེད་པ། ནོར་ཤུགས་ཀྱི་ཐེག་ཚད་གཞིར་བཟུང་ནས། ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་སྔར་བས་སྙོམ་སྒྲིག་དང་ལེགས་སྒྱུར་བྱས་ཏེ། “འགན་གསུམ”སྲུང་བ་དང་། ལས་གཞི་གལ་ཆེན་སྲུང་བ། སྤྱི་ཚོགས་བརྟན་བརླིང་སྲུང་བ་བཅས་སྔོན་ལ་བཀོད་སྒྲིག་བྱེད་པའི་གོ་རིམ་རྒྱུན་འཁྱོང་བྱས། ཞིང་ཆེན་གྱིས་འོག་རིམ་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་པའི་གཞི་རྒྱ་དང་སྔོན་ལ་གཤམ་སྤྲོད་བྱེད་པའི་བསྡུར་ཚད་ཇེ་ཆེར་བཏང་ནས། གཞི་རིམ་ནོར་སྲིད་ཀྱི་གཅིག་འདོམས་ཀྱིས་སྔོན་རྩིས་བཀོད་སྒྲིག་གི་ནུས་ཤུགས་ཇེ་དྲག་ཏུ་གཏང་བ། གཞི་གྲངས་མེད་པའི་སྔོན་རྩིས་ཀྱི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། བྱ་བའི་ལས་ཚད་ཀྱིས་སྔོན་རྩིས་བྱེད་ཐབས་ལག་བསྟར་སྒོས། གཞི་གྲངས་སྟེང་འཕར་བའི་སྲ་འགྱུར་གྱི་ཆགས་སྟངས་རྩ་བ་ནས་གཏོར་རྒྱུ། གསུམ་ནི་སྔོན་རྩིས་དོ་དམ་བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་བ། ཀྲུང་དབྱང་གི་གྲོན་ཆུང་སྒོས་འཚོ་བ་རོལ་བའི་སྐོར་གྱི་བླང་བྱ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། 2020ལོའི་སྔོན་རྩིས་ནན་མོ་དང་ཚགས་དམ་པོའི་སྒོ་ནས་སྒྲིག་བཟོ་བྱེད་པ་དང་། སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོ་ཤུགས་ཆེན་པོས་ཇེ་ཉུང་དུ་བཏང་ནས། 2020ལོའི་སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོ་དང“གཞུང་གསུམ”གྲོན་དངུལ15%དང3%ཡན་ད་དུང་ཇེ་ཉུང་དུ་གཏང་རྒྱུ། ནུས་པ་དང་བསྟུན་ཏེ་བསྒྲུབ་པ་དང་ཅི་ཐུབ་ཀྱིས་བསྒྲུབ་ནས་དམངས་འཚོ་ལེགས་སྒྱུར་ལ་འགན་སྲུང་བྱས་ཏེ། གསར་བསྣན་གཟིགས་སྐྱོང་རང་བཞིན་གྱི་ཚད་འདེགས་རྒྱ་བསྐྱེད་སྲིད་ཇུས་ཚོད་འཛིན་ནན་མོ་བྱ་རྒྱུ། འགྲོ་སྒོའི་སྲིད་ཇུས་དེ་ནོར་སྲིད་ཀྱི་འདེགས་ཚད་ལ་དཔྱད་འཇོག་བྱེད་པར་ཤུགས་བསྣོན་པ་དང་། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའི་འགྲོ་སྒོའི་སྲིད་ཇུས་འདོན་པར་ཚོད་འཛིན་ནན་མོ་བྱས་ཏེ། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ལ་ཤུགས་བསྣོན་རྒྱུ། བཞི་ནི་སྔོན་རྩིས་ཀྱི་དོ་དམ་ཆུ་ཚད་མཐོར་འདེགས་གཏང་བ། སྔོན་རྩིས་དོ་དམ་གྱི་རིམ་ཐེངས་དབྱེ་བགོ་ནན་མོ་བྱས་ཏེ། ལོ་མགོའི་སྔོན་རྩིས་ཀྱི་དོན་ཐོག་ཏུ་འབབ་ཚད་སྔར་བས་ཇེ་མཐོར་གཏང་རྒྱུ། ལས་གཞིའི་མཛོད་ཀྱི་རྨང་གཞིའི་འདེགས་སྐྱོར་བྱེད་ནུས་འདོན་སྤེལ་བྱས་ཏེ། ལས་གཞིའི་དུས་ཡུན་ཡོངས་ཀྱི་དོ་དམ་རྐྱེན་སྲོལ་འཛུགས་རྒྱུ། གསོག་ཚད་མ་དངུལ་གཙང་སེལ་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ་རྩིས་ཐོའི་ལམ་ལུགས་འཛུགས་རྒྱུ། ནོར་སྲིད་སྲོག་ཤིང་ལས་སྒོའི་གཞི་གཅིག་ཅན་གྱི་མ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། སྔོན་རྩིས་སྒྲིག་ལུགས་དང་། ལག་བསྟར། ལས་ཕྱོད་སོགས་ནོར་སྲིད་ཀྱི་ལས་སྒོའི་ལྡོག་འབྱུང་དོ་དམ་མངོན་འགྱུར་བྱས་ཏེ། ནོར་སྲིད་དང་ནོར་དོན་གྱི་དོ་དམ་ཆུ་ཚད་བསྟུད་མར་ཇེ་མཐོར་ཡོང་བར་སྐུལ་སྤེལ་གཏང་རྒྱུ།

(གསུམ) 2020ལོའི་ཡོང་སྒོ་དང་འགྲོ་སྒོའི་བཀོད་སྒྲིག་གི་གནས་ཚུལ། སྔོན་རྩིས་སྒྲིག་བཟོའི་བླང་བྱ་དང་རྩ་དོན་ལྟར། ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དང། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་བཅས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་གཤམ་གསལ་ལྟར།

1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

(1) ཞིང་ཆེན་ཡོངས་ཀྱི་གནས་ཚུལ། ཞིང་ཆེན་ཡོངས་ཀྱི་ལོ་མགོའི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར1916.3ཡོད་ཅིང་ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས4%འཕར། དེའི་ནང་དུ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར299.1བཀོད་སྒྲིག་བྱས་ཡོད་ཅིང་ལོ་སྔོན་མའི་ལག་བསྟར་ཚད་ལས6%འཕར། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་དུང་ཕྱུར1257ཡོད་ལ། ས་གནས་སྲིད་གཞུང་གི་གསར་བསྣན་བུན་འཛིན་སྒོར་དུང་ཕྱུར152ཡོད་པ་དང། སྔོན་རྩིས་བརྟན་འཇགས་ལེགས་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར101.5ནང་འདྲེན་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར5.3ནང་འདྲེན་བྱས་པ་དང། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར101.4ཡོད།

ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1912.4བཀོད་སྒྲིག་བྱས་ལ་ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས4%འཕར། གོང་སྤྲོད་འགྲོ་སྒོའི་ཐད་ལ་སྒོར་དུང་ཕྱུར3.5གཏོང་བ་དང་། བུ་ལོན་མ་རྩ་སྤྲོད་པར་འགྲོ་སྒོ་སྒོར་དུང་ཕྱུར0.4གཏང་རྒྱུ།

(2) ཞིང་ཆེན་རིམ་པའི་གནས་ཚུལ། ཞིང་ཆེན་རིམ་པའི་ལོ་མགོའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར761.1ཡོད་ཅིང་ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས2.8%མར་ཆག། དེའི་ནང་དུ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར94.5བཀོད་སྒྲིག་བྱས་ཡོད་ལ་ལོ་སྔོན་མའི་ལག་བསྟར་ཚད་ལས6%འཕར་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་དུང་ཕྱུར360.5(ཀྲུང་དབྱང་གིས་རང་རེའི་ཞིང་ཆེན་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1257ལས་གྲོང་ཁྱེར་དང་ཁུལ་ལ་ཁ་གསབ་ཀྱི་སྒོར་དུང་ཕྱུར896.5ཕུད་ཡོད)ཡོད། ས་གནས་སྲིད་གཞུང་གི་གསར་བསྣན་བུན་འཛིན་སྒོར་དུང་ཕྱུར152ཡོད་ཅིང་། མ་དངུལ་སྒོར་དུང་ཕྱུར5.3ནང་འདྲེན་དང་། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར65བཀོལ་བ་དང། གྲོང་ཁྱེར་དང་ཁུལ་གྱིས་གོང་སྤྲོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར4དང། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར79.8ཡོད།

ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར757.2བཀོད་སྒྲིག་བྱས་པ་དང། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས2.8%འཕར། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར3.5ཡོད། བུ་ལོན་གྱི་མ་རྩ་སྤྲོད་པའི་འགྲོ་སྒོར་སྒོར་དུང་ཕྱུར0.4ཡོད།

(3) ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྟེར་བའི་གནས་ཚུལ། ཞིང་ཆེན་གྱིས་གྲོང་ཁྱེར(ཁུལ)ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར896.5ཡོད་པ་དང་། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་སྒོར་དུང་ཕྱུར89.1ཇེ་མང་དུ་བཏང་ལ11%འཕར། དེའི་ནང་དུ་ཕྱིར་སློག་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར39.2ཡོད་ལ། སྤྱིར་བཏང་གི་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར605ཡོད་པ་དང་། ཆེད་སྤྱོད་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར252.3ཡོད།

2. སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར187.3བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར106.5ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་ཡོང་སྒོ་སྒོར་དུང་ཕྱུར7.2དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར32.6དང་། ས་གནས་སྲིད་གཞུང་གི་གསར་བསྣན་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར41བཀྲམ་ལ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར174.3དང་། བུ་ལོན་གྱི་མ་རྩ་སྤྲོད་པར་འགྲོ་སྒོ་སྒོར་དུང་ཕྱུར13གཏང་རྒྱུ།

ཞིང་ཆེན་རིམ་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར57.8དང། དེའི་ནང་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར16.5ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་ཡོང་སྒོ་སྒོར་དུང་ཕྱུར1.2དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར18.8དང་། ས་གནས་སྲིད་གཞུང་གི་གསར་བསྣན་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར21.3བཀྲམ་ལ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར52.5བཀོད་སྒྲིག་དང་། བུ་ལོན་གྱི་མ་རྩ་སྤྲོད་པར་འགྲོ་སྒོ་སྒོར་དུང་ཕྱུར5.3གཏང་རྒྱུ།

3. རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར1.2བཀོད་སྒྲིག་བྱས་ལ། དེའི་ནང་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར0.8ཡོད་པ་དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར0.4དང་། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར0.9བཀོད་སྒྲིག་བྱས་ཡོད་ལ། མ་དངུལ་སྒོར་དུང་ཕྱུར0.3ཕྱིར་གཏོང་བྱས་ཡོད།

ཞིང་ཆེན་རིམ་པའི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར0.9བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར0.6ཡོད་པ་དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར0.3དང་། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར0.5བཀོད་སྒྲིག་བྱས་ལ། འོག་རིམ་ལ་ཁ་གསབ་རོགས་སྐྱོར་གྱི་འགྲོ་སྒོ་སྒོར་དུང་ཕྱུར0.1དང་། མ་དངུལ་སྒོར་དུང་ཕྱུར0.3ཕྱིར་གཏོང་བྱས་ཡོད།

4. སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར699.4བཀོད་སྒྲིག་བྱས་ལ། དེའི་ནང་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར437.6ཡོད་པ་དང་། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར261.8དང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར413.1བཀོད་སྒྲིག་བྱས་ལ། ལོ་མཇུག་གི་ལྷག་འཕྲོ་སྒོར་དུང་ཕྱུར286.3ཡོད།

ཞིང་ཆེན་རིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར488.1བཀོད་སྒྲིག་བྱས་ལ། དེའི་ནང་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར359.1ཡོད་པ་དང་། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར129དང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར356.2བཀོད་སྒྲིག་བྱས་ལ། ལོ་མཇུག་གི་ལྷག་འཕྲོ་སྒོར་དུང་ཕྱུར131.9གཏང་རྒྱུ།

(བཞི) 2020ལོའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཙོ་གནད་འགྲོ་སྒོའི་གནས་ཚུལ།

1. ལྗང་མདོག་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་ལ། མ་དངུལ་སྒོར་དུང་ཕྱུར73.1བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པའི་འགྲོ་སྒོ་སྒོར་དུང་ཕྱུར23.9དང་ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར49.2བཀོད་སྒྲིག་བྱས་ཡོད།

(1) སྐྱེ་ཁམས་འབྱུང་ཁྲོད་ཀྱི་ཁྱིམ་གཞི་གསར་བ་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར57.6བཀོད་སྒྲིག་བྱས་ཡོད་ལ། རབས་གསར་བའི་རྨོ་བསྐྱུར་ནགས་འདེབས་དང་། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ཁུལ་གྱི་ལྟ་སྐྱོང་མི་སྣ། རང་བྱུང་ནགས་ཀྱི་ཚོང་ལས་རང་བཞིན་གྱི་ཉོ་གཅོད་བྱེད་པའི་ཁ་གསབ་རོགས་སྐྱོར་དང་རྩྭ་ཐང་སྲུང་སྐྱོབ་ཀྱི་ཁ་གསབ་རོགས་སྐྱོར་བྱ་དགའི་སྲིད་ཇུས་གྱི་མ་དངུལ་ཁྱོན་ཡོངས་ནས་སྟེར་མཚམས་བཞག་སྟེ། གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བར་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

(2) སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་གཡུལ་འཐབ་ལ་རྒྱལ་ཁ་ལེན་པར་མ་དངུལ་སྒོར་དུང་ཕྱུར5.6བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་ཆུ་དང་། གཤིན་ས། མཁའ་དབུགས་སྦགས་བཙོག་བཅས་འགོག་བཅོས་ཐད་ལ་རྒྱབ་སྐྱོར་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་བཅོས་སྐྱོང་དང་ཁོར་ཡུག་གི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ནུས་ཤུགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་ཇེ་ཉུང་ལ་སྐུལ་སྤེལ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སྒྱུར་རྒྱུན་འཁྱོངས་བྱེད་པའི་ཐད་དུ་བཀོལ་རྒྱུ།

(3)སྐྱེ་ཁམས་དཔལ་ཡོན་མ་ལག་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར8བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་སྤྲོད་ཀྱི་ཁ་གསབ་སྟེར་བ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པ་མ་ཟད། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་དུ་བཀོལ་རྒྱུ།

(4) ཡུལ་སྐོར་ཀྱི་རྐང་འཛིན་ཐོན་ལས་ཤུགས་ཆེན་པོས་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར2བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ལེགས་ཅན་ཁག་ཅིག་བསྐྲུན་པའི་ལས་གཞི་ལ་རྒྱབ་སྐྱོར་དང་། ལས་སྒོ་འབུར་ཐོན་དང་། དཔེ་སྟོན་རང་བཞིན། སྐུལ་ཁྲིད་རང་བཞིན་ཅུང་དྲག་པའི་ཡུལ་སྐོར་ཁེ་ལས་ཕུལ་བྱུང་ལ་བྱ་དགའ་སྟེར་བ། ཡུལ་སྐོར་སྤྱོད་ཁང་གསར་བསྐྲུན་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

2. མཐུན་སྦྱོར་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་ལ། མ་དངུལ་སྒོར་དུང་ཕྱུར77.7བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པའི་འགྲོ་སྒོ་སྒོར་དུང་ཕྱུར16.7དང་ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར61བཀོད་སྒྲིག་བྱས་ཡོད།

(1) གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ལ་མ་དངུལ་སྒོར་དུང་ཕྱུར55.3བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་ཞིང་སྨན་དང་ལུད་རྫས་ཉུང་འཕྲི་སྒོས་ཕན་འབྲས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ་བ་དང་། ཁོངས་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་དུ་སྐྲུན་པ། རོང་འབྲོག་ཁུལ་གྱི་གཞི་རྩའི་ཚོང་གཉེར་ལམ་ལུགས་སྲ་བརྟན་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། འབྲུ་རིགས་སྤུས་ལེགས་བྱ་བའི་ལས་གཞིའི་རོགས་སྐྱོར་ཁ་གསབ་མ་དངུལ་དོན་འཁྱོལ། དེང་རབས་ཞིང་ལས་གོང་སྤེལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཞིང་སྡེའི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལག་བསྟར་བྱེད་པ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་། གྲོང་སྡེའི་དག་གཙང་འགུལ་སྐྱོད། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བཅས་སྲ་བརྟན་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་ཐད་བཀོལ་རྒྱུ།

(2) གྲོང་རྡལ་གོང་འཕེལ་གྱི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བའི་ཐད་མ་དངུལ་སྒོར་དུང་ཕྱུར8.5བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་དང་དམངས་འཚོ་ལེགས་སྒྱུར་དང། མཛེས་པའི་གྲོང་རྡལ། ཁྱད་ལྡན་གྲོང་རྡལ(གྲོང་ཁྱེར)འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་འཁོར་སྐྱོད་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ་བཀོལ་རྒྱུ།

(3) བདེ་མྱུར་ངང་སྒོ་ཕྱིར་སྐྱོད་སྟངས་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར10.1བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང་། ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ། ཡུལ་ཤུལ་གྱི་གནམ་གྲུ་ཐང་། མཚོ་སྔོན་པོའི་གནམ་གྲུ་ཐང་སོགས་འཛུགས་སྐྲུན་དང་རྒྱལ་ལམ་དང་ཞིང་ཆེན་ལམ་བདག་སྐྱོང་དང་། དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ཁ་གསབ་དང་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་འཁོར་སྐྱོད་ལ་ཁ་གསབ་རོགས་སྐྱོར་བྱེད་པ། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གསར་སྒྱུར་ལ་རྒྱབ་སྐྱོར་བྱེད་པ་དང་། མང་ཚོགས་ཕྱིར་སྐྱོད་ཀྱི་ཆ་རྐྱེན་ལེགས་སྒྱུར་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

(4) དེང་རབས་ཞབས་ཕྱིའི་ལས་རིགས་ཤུགས་ཆེན་པོས་གོང་འཕེལ་དུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར3.7བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་དམངས་གཉེར་དཔལ་འབྱོར་བྱེད་པོའི་ཐོན་ལས་སྒྲིག་གཞི་སྙོམ་སྒྲིག་བྱེད་པ་དང་། ཁེ་ལས་ཆུང་འབྲིང་གི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བསྐྲུན་པ། ཉོ་ཚོང་འཁོར་རྒྱུག་དང་། གློག་རྡུལ་ཚོང་དོན། འཁྱགས་དངོས་ཟོང་སྐྱེལ། སྤྱི་པའི་ཞབས་ཕྱིའི་སྟེགས་བུ་སོགས་ཞབས་ཕྱིའི་ལས་རིགས་མགྱོགས་མྱུར་ངང་གོང་དུ་སྤེལ་བ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་གི་དོ་མཉམ་མཐུན་སྦྱོར་གོང་སྤེལ་ལ་སྐུལ་སྤེལ་བྱེད་པ་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

3. མཉམ་སྤྱོད་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་ལ། མ་དངུལ་སྒོར་དུང་ཕྱུར361.9བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་དུ་ཞིང་ཆེན་རིམ་པའི་འགྲོ་སྒོ་སྒོར་དུང་ཕྱུར153དང་ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར208.9བཀོད་སྒྲིག་བྱས་ཡོད།

(1) གནད་འཁེལ་དབུལ་ཐར་གྱི་འགག་གཏོར་གཡུལ་འཐབ་ལ་རྒྱལ་ཁ་ལེན་པར་མ་དངུལ་སྒོར་དུང་ཕྱུར70བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་དབུལ་ཐར་འགག་གཏོར་གྲུབ་འབྲས་སྲ་བརྟན་ལ་བཀོལ་བ་དང་། དབུལ་ནག་ས་ཁུལ་གྱི“སེམས་ཁྲལ་མེད་གཉིས་དང་འགན་སྲུང་གསུམ”གྱི་འབུར་ཐོན་གནད་དོན་ཐག་གཅོད་ལེགས་པོ་བྱེད་པར་རྒྱབ་སྐྱོར་བྱེད་པ། ཐོན་ལས་དང་། ལས་ཞུགས། སློབ་གསོ། བདེ་ཐང་། སྤྱི་ཚོགས་འགན་སྲུང་། རིག་གནས། ཡུལ་སྐོར་སོགས་དབུལ་སྐྱོར་ལག་བསྟར་གཏིང་ཟབ་བྱས་ཏེ། དབུལ་ཐར་གྱི་འགག་གཏོར་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་པ་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

(2) སློབ་གསོ་དོ་མཉམ་ངང་གོང་དུ་འཕེལ་བར་ཤུགས་ཆེན་པོས་སྐུལ་འདེད་བྱེད་པར་མ་དངུལ་སྒོར་དུང་ཕྱུར68.6བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དུས་རིམ་སོ་སོའི་སྐབས་ཀྱི་སློབ་གསོའི་སློབ་མའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་དང་། སྔོན་འགྲོ་སློབ་གསོ་གོང་འཕེལ་དང་། འོས་འགན་སློབ་གསོའི་ཞན་ཆའི་སྐོར་ལེགས་སྒྱུར་དང་ནུས་ཤུགས་མཐོར་འདེགས། མཐོ་འབྲིང་དཀྱུས་མའི་ཆ་རྐྱེན་ལེགས་སྒྱུར། དེང་རབས་ལས་རིགས་སློབ་གསོའི་སྤུས་ཚད་མཐོར་འདེགས། མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་དང་བཅོས་སྒྱུར་གོང་སྤེལ་སོགས་ལ་རྒྱབ་སྐྱོར་བྱས་ཏེ། ཆུང་འབྲིང་སློབ་གྲྭའི་བྱིས་སྐྱོང་གླིང་གི་དགེ་རྒན་གསོ་སྦྱོང་བྱེད་པ་ཤུགས་བསྣོན་པ་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

(3) བདེ་ཐང་མཚོ་སྔོན་བསྐྲུན་པར་མུ་མཐུད་དུ་སྐུལ་འདེད་གཏོང་བར་མ་དངུལ་སྒོར་དུང་ཕྱུར24.1བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་གཞུང་བཙུགས་སྨན་ཁང་གི་སྨན་བཅོས་ཞབས་ཕྱི་དང་འགན་སྲུང་ནུས་ཤུགས་མཐོར་འདེགས། གཞི་རྩའི་སྤྱི་པའི་འཕྲོན་བསྟེན་ཞབས་ཕྱི་འདོན་སྤྲོད་དང་། སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་བསྐྲུན་པ། འགོས་ནད་གལ་ཆེན་སྔོན་འགོག་གི་གྲོན་དངུལ་དོན་འཁྱོལ་བྱེད་པ་བཅས་ལ་རྒྱབ་སྐྱོར་དང་། ཀྲུང་བོད་སྨན་གྱི་ཞབས་ཕྱི་ནུས་ཤུགས་མཐོར་འདེགས་དང་། ཟས་རིགས་ཀྱི་བདེ་འཇགས་ཞིབ་བཤེར་དང་ཚད་ལེན་ཤུགས་ཚད་ཇེ་ཆེར་བཏང་ནས། གྲོན་དངུལ་དོན་འཁྱོལ་ལེགས་པོ་བྱས་ཏེ། ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་དོ་དམ་ལ་རམ་འདེགས་ཞབས་ཕྱི་ལག་བསྟར་བྱེད་པ་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

(4) སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར171.1བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་སློབ་ཆེན་པ་དང་། ཞིང་བ་གླ་རྒྱག་པ། དམག་ཁོངས་སྒྱུར་བའི་ལས་བྱེད་པ་སོགས་གཙོ་གནད་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་ཁ་གསབ་སྲིད་ཇུས་ལ་རྒྱབ་སྐྱོར་དང་། གྲོང་ཁྱེར་སྡོད་ཁང་ཐབས་ཆག་ཁུལ་གྱི་སྒྱུར་བཀོད་དང་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཕྱོགས་བསྡུས་ལེགས་སྒྱུར་སོགས་ལས་གྲྭ་ལ་རྒྱབ་སྐྱོར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའ་བའི་འགན་སྲུང་དང་། དབང་བོ་སྐྱོན་ཅན། དཀའ་ཁག་ཅན་གྱི་མང་ཚོགས། གཟིགས་སྐྱོང་བྱ་ཡུལ་སོགས་སྤྱི་ཚོགས་རོགས་སྐྱོབ་དང་གཟིགས་སྐྱོང་བཀོད་སྒྲིག་སོགས་ཀྱི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། གྲོང་རྡལ་གྱི་ལས་བཟོ་བའི་རྒན་གསོའི་འགན་སྲུང་ཐེབས་རྩ་གསབ་སྤྲོད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་སྨན་བཅོས་ལ་ཁ་གསབ་རོགས་སྐྱོར་བྱས་ཏེ། ལས་ཁུངས་དང་མ་དངུལ་ཡོངས་གཏོང་གི་དོན་ལས་ལས་ཁུངས་ཀྱི་ལས་རིགས་ལོ་དངུལ་ལེགས་པོར་བསྒྲུབ་པའི་ཐད་དུ་བཀོལ་རྒྱུ།

(5) མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར9.9བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་རིག་གནས་དང་། རྒྱང་སྒྲོག་བརྙན་འཕྲིན། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཕྱི་འདོན་སྤྲོད་ཇེ་ཆེར་གཏོང་བ་དང་། རིག་གནས་ཁང་དང་ལུས་རྩལ་ར་བ་རིན་མེད་དམ་རིན་བསྡུ་དམའ་བའི་སྒོ་ནས་སྒོ་འབྱེད་པར་འགན་སྲུང་དང་། སྤྱི་པའི་རིག་གནས་ཞབས་ཕྱིའི་དོ་མཉམ་རང་བཞིན་ལ་སྐུལ་སྤེལ་བཅས་བྱེད་པར་རྒྱབ་སྐྱོར་དང་། སྨྱན་བྱད་མཉམ་འདྲེས་དང་། རིག་ནུས་རྒྱང་སྒྲོག་བརྙན་འཕྲིན་སོགས་ལས་གཞི་འཛུགས་སྐྲུན་དང་། གཟུགས་འདས་ཤུལ་བཞག་རིག་གནས་དང་རིག་དངོས་སྲུང་སྐྱོབ་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས། རིག་གནས་དར་རྒྱས་གོང་སྤེལ་སྐུལ་འདེད་བྱེད་པ་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

(6) ཁྲིམས་སྐྱོང་མཚོ་སྔོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མ་དངུལ་སྒོར་དུང་ཕྱུར18.4བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་རྒྱུན་རྣམ་ཅན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བདེ་སྲུང་གི་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་། ནག་འཇོམས་ངལ་སེལ་གྱི་ཆེད་སྤྱོད་འཐབ་རྩོད་ཀྱི་ཞབས་ཕྱིའི་འགན་སྲུང་ལ་རྒྱབ་སྐྱོར་བྱེད་པ། ཁྲིམས་འཛིན་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྲིག་བཀོད་བཅོས་སྒྱུར་ལ་སྐུལ་འདེད་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་དང་རིག་ནུས་གྱོད་དོན་སྒྲུབ་པའི་ཆ་འཕྲིན་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་ནས། སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་གི་ནོར་སྲིད་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། “བདེ་འཇགས་མཚོ་སྔོན”གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

4. གསར་སྐྲུན་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་ལ། མ་དངུལ་སྒོར་དུང་ཕྱུར160.4བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པའི་འགྲོ་སྒོ་སྒོར་དུང་ཕྱུར140.6དང་ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར19.8བཀོད་སྒྲིག་བྱས་ཡོད།

(1) འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མགྱོགས་མྱུར་ངང་སྟོབས་ཆེན་དུ་གསོ་སྐྱོང་བྱེད་པར་མ་དངུལ་སྒོར་དུང་ཕྱུར2.5བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་ནུས་ཁུངས་གསར་བ་དང་། རྒྱུ་ཆ་གསར་བ། སྐྱེ་དངོས་སྨན་བཅོས་སོགས་གསར་དར་ཐོན་ལས་གོང་སྤེལ་ལ་སྐུལ་ཁྲིད་བྱེད་པར་རྒྱབ་སྐྱོར་བྱེད་པ། ཁེ་ལས་ཀྱིས་ལག་རྩལ་སྒྱུར་བཀོད་དང་ནུས་སྲི་གྲོན་ཆུང་དང་། ཐོན་སྐྱེད་ལག་རྩལ་མཐོ་བའི་འདུས་ཚད་དང་། ཟུར་སྣོན་རིན་མཐོའི་ཐོན་རྫས་སྤེལ་བར་རྒྱབ་སྐྱོར་བྱེད་པ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་། ཀྲུང་བོད་སྨན། བོད་ལུགས་ས་གདན། བལ་ལས་དང་མི་རིགས་ཀྱི་མཁོ་རྫས་ལས་སྣོན་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་སྤེལ་ལ་མུ་མཐུད་གཏོང་དངུལ་ཇེ་ཆེར་གཏོང་བ་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

(2) སྲོལ་རྒྱུན་ཐོན་ལས་ཀྱི་རིགས་སྒྱུར་རིམ་འཕར་ལ་མུ་མཐུད་དུ་སྐུལ་འདེད་གཏང་བར་མ་དངུལ་སྒོར་དུང་ཕྱུར10བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་གསར་དར་ཐོན་ལས་དང་སྲོལ་རྒྱུན་ཐོན་ལས་མཉམ་འདྲེས་གོང་སྤེལ་ལ་སྐུལ་འདེད་དང་། བཟོ་ལས་རིགས་སྒྱུར་རིམ་སྤར་དང་། དཔལ་འབྱོར་སྒྲིག་གཞི་མགྱོགས་མྱུར་ངང་སྙོམ་སྒྲིག་ལ་སྐུལ་སྤེལ་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་པ། ཐོན་ལས་གོང་སྤེལ་གྱི་རྣམ་པ་སྙོམ་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། བཙུགས་ཟིན་པའི་སྲིད་གཞུང་གི་དངུལ་འཇོག་ཐེབས་རྩ་བསྡུ་རུབ་དང་ལེགས་སྒྱུར་བྱས་ཏེ། དངོས་སྤྱོད་དཔལ་འབྱོར་དང་དམངས་གཉེར་དཔལ་འབྱོར་གོང་སྤེལ་ལ་སྐུལ་སྤེལ་བྱེད་པ་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

(3) གསར་སྐྲུན་གྱི་སྒུལ་ཤུགས་ནུས་ཤུགས་མཐོར་འདེགས་བྱེད་པར་མ་དངུལ་སྒོར་དུང་ཕྱུར10.3བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་། སྲོག་ཤིང་ཚན་རྩལ་གྱི་འགག་གཏོར་དང་ཚན་རྩལ་གྲུབ་འབྲས་སྒྱུར་བར་སྐུལ་སྤེལ་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་པ། འཇོན་མི་གོང་སྤེལ་ལས་གྲྭ་དང་། འཇོན་མིས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

(4) ནོར་སྲིད་ཀྱི་དངུལ་ལོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར137.5བཀོད་སྒྲིག་བྱས་ཡོད་ལ། གཙོ་བོ་ནི་ས་གནས་སྲིད་གཞུང་གི་བུ་ལོན་ཀྱི་སྐྱེད་ཀ་སྤྲོད་པ་དང་། སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་སྲུང་འགན་རིན་ཁ་གསབ་བྱེད་པ་ལག་བསྟར་བྱས་ནས། མི་རིགས་ཉོ་ཚོང་དང་མི་རིགས་དམིགས་མཁོ་ཚོང་རྫས་ཐོན་སྐྱེད་བུ་ལོན་སྐྱེད་སྤྲོད་ཀྱི་སྲིད་ཇུས་དོན་འཁྱོལ་དང་། ནོར་སྲིད་ཀྱིས་དམངས་གཉེར་དང་ཁེ་ལས་ཆུང་གྲས་ཀྱི་དངུལ་ལོར་ཞབས་ཕྱི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་པ། མ་དངུལ་བསྡུ་རུབ་ཁག་འཁུར་ལས་ཁུངས་རིགས་སྒྱུར་རིམ་སྤར་དང་། རང་རེའི་ཞིང་ཆེན་གྱི་ཁེ་ལས་ཆུང་གྲས་ཀྱི་གོང་འཕེལ་ལ་སྔར་ལས་ལེགས་པའི་ཞབས་ཕྱིའི་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐད་དུ་བཀོལ་རྒྱུ།

5. རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་ཀྱི་ཐད་ལ། མ་དངུལ་སྒོར་དུང་ཕྱུར320.5བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་དུ་ཞིང་ཆེན་རིམ་པའི་འགྲོ་སྒོ་སྒོར་དུང་ཕྱུར179.3དང་ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར141.2བཀོད་སྒྲིག་བྱས་ཡོད། ཆུ་བེད་གལ་ཆེན་དང་། འགྲིམ་འགྲུལ། སློབ་གསོ། འཕྲོད་བསྟེན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་ཁུལ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཅས་མ་ཟད། གཞི་རྩའི་འཛུགས་སྐྲུན་ལས་གཞིའི་བུ་ལོན་གྱི་སྐྱེད་ཀ་སྤྲོད་པ་དང་ལས་གཞིའི་སྔོན་གྱི་བྱ་བའི་གྲོན་དངུལ་སོགས་ལ་གཙོ་གནད་རྒྱབ་སྐྱོར་བྱེད་རྒྱུ།

གསལ་བཤད་བྱ་དགོས་པ་ཞིག་ནི། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་དང་། “དཔལ་འབྱོར་ཆགས་སྟངས་རིགས་བཞི”གསོ་སྐྱོང་མགྱོགས་མྱུར་ངང་སྤེལ་ཆེད། ང་ཚོས་ལོ་མགོར་སྔོན་དཔག་གིས་མ་དངུལ་སྒོར་དུང་ཕྱུར171.4བཀོད་སྒྲིག་བྱས་ཏེ། གཏན་འཁེལ་བྱས་ཟིན་པའི་བྱ་བ་གལ་ཆེན་གྱི་ལས་འགན་ཐད་བཀོལ་བ་དང་། ལག་བསྟར་ཁྲོད་དུ་ད་དུང་ཀྲུང་དབྱང་གི་རོགས་སྐྱོར་ཁ་གསབ་དང་། ས་གནས་སྲིད་གཞུང་གི་བུན་འཛིན་གཏོང་བ་འཕར་སྣོན། བསགས་པའི་མ་དངུལ་ཕན་སྒྱུར་སོགས་ཀྱི་བརྒྱུད་ལམ་བརྒྱུད་ནས་འབྲེལ་ཡོད་ཀྱི་བཀོད་སྒྲིག་ཇེ་མང་དུ་གཏང་རྒྱུ།

གསུམ། 2020ལོའི་ནོར་སྲིད་བྱ་བ་དངོས་གནས་ལེགས་སྒྲུབ་བྱ་དགོས།

2020ལོར། ང་ཚོས་ནོར་སྲིད་སྲིད་ཇུས་སྔར་བས་ཧུར་ཐག་གིས་དོན་འཁྱོལ་དང་། གཏོང་ཡོང་དོ་དམ་ལ་ཤུགས་བསྣན་ནས། ནོར་ཁྲལ་ལམ་ལུགས་དོ་དམ་བཅོས་སྒྱུར་ལ་སྐུལ་སྤེལ་དང་། ཁྲིམས་ལྟར་ནོར་གཉེར་ཆུ་ཚད་ཇེ་མཐོར་བཏང་སྟེ། ལོ་མགོར་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་སྣ་ཚོགས་ཧུར་བརྩོན་སྒོས་མངོན་འགྱུར་བྱ་རྒྱུ།

(གཅིག)སྤུས་འབྲས་མཐོར་འདེགས་བྱས་ཏེ། ཧུར་ཐག་གིས་ནོར་སྲིད་སྲིད་ཇུས་མུ་མཐུད་དུ་དོན་འཁྱོལ་བྱ་རྒྱུ། སྤྱི་ཁོག་སྲིད་ཇུས་ཀྱི་དུས་འཁོར་ཟློག་པའི་སྙོམ་སྒྲིག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁ་ནང་དུ་ཕྱོགས་ནས་སྔར་བས་སྔོག་འདོན་བྱས་ཤིང་། “སྤུས”དང“ཚད”ཕྱོགས་གཉིས་ནས་ཤུགས་བཏོན་ནས། ནོར་སྲིད་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་དང་བཀོལ་སྤྱོད་ཀྱི་ཕན་འབྲས་དངོས་གནས་ཇེ་མཐོར་བཏང་སྟེ། དཔལ་འབྱོར་མངོན་འགྱུར་གྱི་ཚད་འོས་འཚམ་ངང་འཕར་བ་དང་སྤུས་ཀྱི་བརྟན་འཇགས་མཐོར་འདེགས་ལ་ཁག་ཐེག་བྱ་དགོས། གཅིག་ནི་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་མུ་མཐུད་དུ་དོན་འཁྱོལ་བྱ་དགོས། ཁྲལ་འཕྲི་རིན་གཅོག་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བྱས་ཏེ། ཁྲལ་བསྡུ་གཟིགས་སྐྱོང་གི་སྲིད་ཇུས་སྣ་ཚོགས་ཇི་མ་ཇི་བཞིན་དུ་ལག་བསྟར་ལེགས་པོ་བྱེད་པ་དང་། ཁེ་ལས་ཀྱི་མུ་མཐུད་དུ་སྲིད་ཇུས་ཁེ་ཕན་རེག་པར་བྱ་རྒྱུ། ཞབས་ཕྱིའི་འདུ་ཤེས་སྔར་བས་ཇེ་དྲག་ཏུ་བཏང་ནས། རྣམ་པ་མང་བོའི་སྲིད་ཇུས་དྲིལ་སྒྲོག་དང་འགྲེལ་བརྗོད། སྲིད་ཇུས་ཟུར་ཁྲིད་སྤེལ་བ་དང་། ཁེ་ལས་ཀྱིས་སྲིད་ཇུས་བཀོལ་སྤྱོད་ལེགས་པོ་ཡོང་བར་རོགས་རམ་བྱ་དགོས། ཁྲལ་འཕྲི་རིན་གཅོག་གི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་བསྣན་ནས། ལས་རིགས་སོ་སོའི་ཁྲལ་གྱི་ཁུར་བོའི་འགྱུར་ལྡོག་ལ་མུ་མཐུད་དུ་དོ་སྣང་བྱས་ཏེ། “ཁག་ཐེག་གསུམ”གྱི་བླང་བྱ་ཡིད་ལ་དམ་པོར་བཟུང་ནས། ཁེ་ལས་གྱི་ཕྱིར་ལྡོག་བྱས་པའི་འབུར་ཐོན་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱེད་པ་དང་། ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་ཀྱི་ཕན་ནུས་མུ་མཐུད་དུ་འདོན་སྤེལ་བྱ་དགོས། གཉིས་ནི་མ་དངུལ་བཀོལ་སྤྱོད་ཀྱི་ཕན་ནུས་ཇེ་མཐོར་གཏང་བ། སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་འཛིན་ལུང་བྱས་ཏེ། ལས་ཕྱོད་དོ་དམ་དེ་སྔོན་རྩིས་སྒྲིག་ལུགས་ལག་བསྟར་གྱི་གོ་རིམ་ཡོངས་སུ་བརྒྱུད་པར་བྱེད་པ་དང་། སྔོན་རྩིས་ལག་བསྟར་གྱི་མྱུར་ཚད་མགྱོགས་སུ་བཏང་ནས། སྔོན་རྩིས་ལས་ཕྱོད་ཀྱི་ལྟ་བཤེར་ཚོད་འཛིན་ལེགས་པོར་བསྒྲུབ་པ་དང་། དུས་ཐོག་ཏུ་ནོར་འཛོལ་ལེགས་བཅོས་བྱས་ཏེ། ནོར་སྲིད་ཀྱི་མ་དངུལ་བྱེད་ནུས་སྔ་མོ་ནས་འདོན་སྤེལ་བྱེད་པ་དང་། སྲིད་ཇུས་དོན་འཁྱོལ་བྱས་ཏེ་གྲུབ་འབྲས་ཐོན་པར་སྔར་ལས་ལེགས་པའི་སྐུལ་འདེད་གཏང་དགོས། གསུམ་ནི་གསོག་ཚད་མ་དངུལ་དང་རྒྱུ་ནོར་མུ་མཐུད་དུ་ཕན་སྒྱུར་གཏང་བ། ཡུན་རིང་ལ་འགྲོ་སྒོར་གཏོང་ཐུབ་མེད་པའི་མ་དངུལ་ཡོད་ཚད་ཕྱིར་བསྡུ་བྱེད་པ་དང་། རྒྱུན་རིང་ལ་མཁོ་མེད་དང་། ཚད་བརྒལ་སྒྲིག་བཀོད་ཀྱི་སྲིད་འཛིན་དོན་ལས་ལས་ཁུངས་ཀྱི་རྒྱུ་ནོར་དུས་ཐོག་ཏུ་ཕྱིར་འཚོང་དང་། གླ་གཏོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕན་སྒྱུར་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་གཙོ་གནད་ཁྱབ་ཁོངས་སུ་གཅིག་གྱུར་བཀོད་འདོམས་བྱ་དགོས།

(གཉིས) མགོ་ཁུངས་ནས་གྲོན་ཆུང་བྱས་ཏེ། གཏོང་ཡོང་གི་སྔོན་རྩིས་དོ་དམ་ཏན་ཏིག་ངང་ལེགས་པོར་སྒྲུབ་དགོས། མགོ་ཁུངས་ནས་གྲོན་ཆུང་བྱེད་པ་མུ་མཐུད་དུ་ནོར་སྲིད་གཏོང་ཡོང་གི་དོ་དམ་གྱི་སྲོག་ཤིང་ནང་དོན་དུ་བཟུང་བ་དང་། བྱ་བའི་འགྲོས་དང་ཤུགས་ཚད་ལེགས་པོར་ཚོད་འཛིན་བྱས་ཏེ། ཕྱོགས་མང་བོ་ནས་སྦས་སྔོག་གིས་ཡོང་འབབ་འཕར་བར་བྱས་ཏེ། ཤུགས་ཆེན་པོས་འགྲོ་སྒོ་གྲོན་ཆུང་དང་། ནོར་སྲིད་གཏོང་ཡོང་གི་འགལ་བ་ཧུར་ཐག་གིས་སེལ་དགོས། གཅིག་ནི་རང་བདག་ཡོང་སྒོ་ཡོད་པའི་རྩ་འཛུགས་ནན་མོར་འཛིན་དགོས། ནོར་སྲིད་དཔལ་འབྱོར་འཁོར་སྐྱོད་གནས་བབ་ལ་ཞིབ་འཇུག་ཐག་གཅོད་ཤུགས་བསྣོན་བྱས་ཏེ། གཙོ་གནད་ཁྲལ་ཁུངས་ལ་དམ་པོར་དམིགས་ནས། ཆ་འཕྲིན་ཅན་གྱི་བྱེད་ཐབས་བཀོལ་སྤྱོད་ལེགས་པོར་བྱས་ཤིང་། གཏོང་ཡོང་བསྡུ་བའི་དོ་དམ་ལ་ཤུགས་བསྣན་ནས། ཁྲིམས་སྲོལ་སྒྲིག་སྲོལ་ལྟར་བསྡུ་ལེན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྫུན་འཕར་སྟོང་སྒྱུར་ནན་འགོག་བྱས་ཏེ་ཡོང་སྒོའི་སྤུས་ཚད་དངོས་གནས་ཇེ་མཐོར་གཏང་དགོས། གཉིས་ནི་ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་ནན་མོ་སྒོས་བརྩོན་ལེན་བྱེད་པ། མཚོ་སྔོན་གྱི་བྱེད་ནུས་གཏན་གནས་ཡང་དག་པར་ངོས་འཛིན་བྱས་ཏེ། རང་འགུལ་སྒོས“རྒྱུད་གཅིག་ལམ་གཅིག”དང་། དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་མོ་སྒྲིག་གཞི་གསར་བ་གྲུབ་པར་སྐུལ་སྤེལ། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་གོང་འཕེལ་སོགས་ཀྱི་རྒྱལ་ཁབ་འཐབ་ཇུས་ལ་མཉམ་འདྲེས་བྱས་ཏེ། བོད་ཁུལ་གོང་སྤེལ་ལ་རྒྱབ་སྐྱོར་དང་། གནད་འཁེལ་དབུལ་སྐྱོར་གྱི་འགག་གཏོར་གཡུལ་འཐབ་ལ་རྒྱལ་ཁ་ལེན་པ་སོགས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་སྒོས། མུ་མཐུད་དུ་ཡར་ཞུ་ཇེ་མང་དུ་བཏང་ནས། ཁ་གསབ་རོགས་སྐྱོར་རིགས་སྣ་ཚོགས་འཕར་བར་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས། ས་གནས་བུན་འཛིན་གྱི་སྤུས་ཚད་མཐོ་བའི་ལས་གཞིའི་གསོག་གྲབས་དང་སྔོན་དུས་ཀྱི་གྲ་སྒྲིག དཔྱད་འཇོག་འདེམས་གསེས་སོགས་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་ནས། ཀྲུང་དབྱང་གི་གསར་བསྣན་བུན་འཛིན་གྲངས་བཅད་ཤུགས་ཆེན་པོས་བརྩོན་ལེན་བྱས་ཏེ། གཙོ་གནད་ལས་གཞིའི་འཛུགས་སྐྲུན་དང་ཞན་ཆ་ཁ་གསབ་ཁྱབ་ཁོངས་ཀྱི་མ་དངུལ་དགོས་མཁོ་ཁ་གསབ་བྱ་དགོས། གསུམ་ནི་སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོ་ཤུགས་ཆེན་པོས་ཇེ་ཉུང་དུ་གཏང་དགོས། གྲོན་ཆུང་སྒོས་འཚོ་བ་རོལ་བའི་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོ་ཉུང་དུ་གཏོང་བའི་བྱ་བ་དེ་སྔོན་རྩིས་སྒྲིག་ལུགས་དང་སྔོན་རྩིས་ལག་བསྟར་ཁྲོད་དུ་ཁྱབ་པར་བྱས་ནས། ཚོགས་འདུ་དང་། གསོ་སྦྱོང་། བྱ་འགུལ་ཆེ་གྲས། གཞུང་དོན་ཁང་གི་རྒྱུ་ནོར་ཉོ་སྒྲིག ཆ་འཕྲིན་ཅན་གྱི་སྲུང་སྐྱོབ་སོགས་ཐད་ཀྱི་འགྲོ་སྒོ་ཚོད་འཛིན་ནན་མོ་བྱས་ཏེ། འགྲོ་སྒོ་ཇེ་ཉུང་དུ་གཏོང་བའི་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས། བཞི་ནི་འགྲོ་སྒོའི་སྔོན་རྩིས་ལག་བསྟར་གྱི་ཚད་བཀག་སྲ་འགྱུར་བྱ་དགོས། སྔོན་ལ་སྔོན་རྩིས་ཡོད་པ་དང་རྗེས་སུ་འགྲོ་སྒོ་ཡོད་པ་རྒྱུན་འཁྱོངས་བྱས་ཏེ། རྗེས་སྣོན་དོན་ཚན་ལ་ཚོད་འཛིན་ནན་མོ་བྱེད་དགོས་ལ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་འགྲོ་སྒོ་གལ་ཆེན་དང་འཚུབ་ཟློག་རྒུད་སྐྱོབ་སོགས་ཀྱི་འགྲོ་སྒོ་ལས་གཞན། སྔོན་རྩིས་ཀྱི་གཏན་འཁེལ་དང་འགལ་ནས་གང་འདོད་དུ་མ་དངུལ་སྟེར་བ་གཏན་འགོག་བྱ་དགོས། སྔོན་རྩིས་ཀྱི་འགྲོ་སྒོ་ངེས་པར་དུ་རྗེས་སྣོན་བྱ་དགོས་ཚེ། རྩ་དོན་གྱི་ཐོག་ནས་རྗེས་ཀྱི་ལོ་འཁོར་སྔོན་རྩིས་ཀྱི་བཀོད་སྒྲིག་མ་དངུལ་བརྒྱུད་པའམ་སྙོམ་སྒྲིག་ལའང་སྔོན་རྩིས་བཀོད་སྒྲིག་ཡོད་པ་དང་། གསོག་ཚད་མ་དངུལ་ལ་གཅིག་གྱུར་བཀོད་འདོམས། ཀྲུང་དབྱང་གི་ཆེད་སྤྱོད་བརྩོན་ལེན་སོགས་ཀྱི་བརྒྱུད་ལམ་ལས་ཐག་གཅོད་བྱ་དགོས།

(གསུམ)སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། སྲ་གཤིས་དང་གཙོ་གནད་ཀྱི་འགྲོ་སྒོ་ཤུགས་ཆེན་པོས་འགན་སྲུང་བྱ་དགོས། མི་དམངས་ལྟེ་བ་ཡིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ནོར་སྲིད་ཀྱི་འགྲོ་སྒོའི་སྒྲིག་གཞི་ལེགས་སྒྱུར་སྒོས། ནོར་སྲིད་ཐོན་ཁུངས་སྒྲིག་བཀོད་ལས་ཕྱོད་ཧུར་ཐག་གིས་ཇེ་མཐོར་གཏང་དགོས། གཅིག་ནི“འགན་གསུམ”འགྲོ་སྒོ་སྔོན་ལ་འགན་སྲུང་བྱ་དགོས། རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་ཀྱིས་ཞིང་ཆེན་རིམ་པའི་འགྲོ་སྒོའི་འགན་འཁྲི་འགན་སྲུང་བྱེད་པ་དོན་འཁྱོལ་བྱས་ཏེ། ཞིང་ཆེན་གྱིས་འོག་རིམ་ལ་སྤོ་སྒྱུར་གཏོང་སྤྲོད་དང་ནོར་ཤུགས་སྙོམ་སྒྲིག་གི་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་བཏང་ནས། གཞི་རིམ་ནོར་སྲིད་ཀྱིས་གླ་ཕོགས་སྲུང་བ་དང་། འཁོར་སྐྱོད་སྲུང་བ། གཞི་རྩའི་དམངས་འཚོ་སྲུང་བ་བཅས་ཀྱི་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དམངས་འཚོའི་མ་མཐའ་དངོས་གནས་སྐྱོར་བ་དང་། སྲུང་ཐུབ་པ་མཐའ་དག་སྲུང་དགོས། གཉིས་ནི་ལས་གཞི་གལ་ཆེན་གྱི་ལག་བསྟར་འགན་སྲུང་ལ་རྒྱབ་སྐྱོར་བྱ་དགོས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལས། ཕྱོགས་བསྡུས་སྒོས་ཀྲུང་དབྱང་གི་ཆེད་སྤྱོད་བརྩོན་ལེན་དང་། ས་གནས་སྲིད་གཞུང་གི་བུན་འཛིན་གཏོང་བ། གསོག་འཇོག་མ་དངུལ་གཅིག་གྱུར་བཀོད་འདོམས་སོགས་ཀྱི་རྣམ་པ་སྤྱད་ནས། གཙོ་གནད་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་གཏན་འཁེལ་བྱས་པའི་ལས་གྲྭ་གལ་ཆེན་དང་ལས་གཞི་ལ་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དང་། དྭངས་གཙང་ནུས་ཁུངས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། མཐོ་སྒང་གི་མཛེས་པའི་གྲོང་རྡལ། མི་རིགས་མཐུན་སྒྲིལ་སྔོན་སྐྱོད་ཀྱི“དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་དང་སྐྱེ་ཁམས། རེས་འཁོར། གཞི་གྲངས། “དཔལ་འབྱོར་ཆགས་སྟངས་རིགས་བཞིའི”འཕུར་སྐྱོད་བཅས་ཀྱི་སྣེ་ཁྲིད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་མྱུར་ངང་སྐུལ་སྤེལ་བྱ་དགོས། གསུམ་ནི་དམངས་འཚོ་འགན་སྲུང་ལ་ཤུགས་བསྣོན་པ། གཞི་རྩའི་དམངས་འཚོའི་འགྲོ་སྒོ་དེ་སྔོན་ལ་འགན་སྲུང་བྱེད་པའི་གོ་གནས་གལ་ཆེན་དུ་བཞག་སྟེ། ལས་ཞུགས་བརྟན་འཇགས་དང་། འདྲ་མཉམ་མ་ཟད་སྤུས་ཚད་ལྡན་པའི་སློབ་གསོ་འཕེལ་རྒྱས་ཡོད་པ། སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་ལ་སྐུལ་འདེད། རྒན་གསོའི་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བ། གཞི་རྩའི་སྡོད་ཁང་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། རིག་གནས་དར་རྒྱས་ཡར་འཕེལ་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་གཙོ་གནད་དུ་བཟུང་ནས། གནད་འཁེལ་ཤུགས་འདོན་དང་ཞན་ཆ་ཁ་གསབ་སྒོས། རྒྱ་ཆེའི་མང་ཚོགས་ཀྱི་རེ་སྒུག་བྱས་པའི་དམངས་འཚོའི་དོན་ཆེན་དང་བྲེལ་འཚུབ་ཅན། དཀའ་ཁག་ཡོད་པ་དག་ཐག་གཅོད་ལེགས་པོར་བྱ་དགོས། དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་དོ་སྣང་ཆེན་པོ་བྱས་ཏེ། དཀའ་ཁག་གི་ཚད་ཇེ་ཟབ་ཏུ་སོང་བ་དག་ལ་དུས་ཐོག་ཏུ་བྱེད་ཐབས་སྤྱད་དེ་ཐག་གཅོད་སྒོས། མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་བཅས་ཇེ་ཆེར་གཏང་དགོས། བཞི་ནི་སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་དང་བརྟན་བརླིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས། སྲིད་ཁྲིམས་གྲོན་དངུལ་རྒྱུན་རིང་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་ནས། སྲིད་ཁྲིམས་ཁྱབ་ཁོངས་ལས་ཁུངས་ཀྱི་འགན་ནུས་དང་། དཔུང་ཁག་འཛུགས་སྐྲུན་དང་ཚན་རྩལ་འདེགས་སྐྱོར་ཀྱི་དངུལ་གཏོང་ཤུགས་ཚད་ཆེ་རུ་བཏང་ནས། ལངས་གཟུགས་ཅན་གྱི་སྤྱི་ཚོགས་བདེ་སྐྱོང་གི་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་མ་ལག་བསྐྲུན་པར་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་བདེ་སྐྱོང་གི་བྱ་བའི་ཆུ་ཚད་བརྟན་འཇགས་ངང་སྐུལ་སྤེལ་གཏང་དགོས།

(བཞི)བཅོས་སྒྱུར་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མུ་མཐུད་དུ་འདོན་སྤེལ་བྱ་དགོས། ནོར་ཁྲལ་ལམ་ལུགས་བཅོས་སྒྱུར་གྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་གཏིང་ཟབ་ཏུ་སྤེལ་ནས། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། འགན་འཁྲི་ཁག་ཁུར་ཇེ་ཟབ་ཏུ་གཏོང་བ། བཅོས་སྒྱུར་བྱེད་ཐབས་དོན་འཁྱོལ་ནན་འཛིན་དང་ཞིབ་ཚགས་ཅན་དུ་བཏང་ནས། ཁྱོན་ཡོངས་ནས་ཤུགས་འདོན་པ་དང་། སྣེ་མང་བོ་ནས་ཐོད་བརྒལ། སྐུལ་འདེད་གཏིང་ཟབ་བྱས་ཏེ། ཕྱོགས་སོ་སོའི་ཧུར་ཐག་རང་བཞིན་སྔར་ལས་སྐུལ་སློང་བྱ་དགོས། གཅིག་ནི་སྔོན་རྩིས་དོ་དམ་ཀྱི་བཅོས་སྒྱུར་མུ་མཐུད་སྐུལ་འདེད་གཏང་བ། རྨང་གཞི་མེད་པའི་སྔོན་རྩིས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། བྱ་བའི་ཚད་ཀྱི་སྔོན་རྩིས་བྱ་ཐབས་ལག་བསྟར་དང་། སྲིད་ཇུས་ལྟར་བཀོད་སྒྲིག་དང་། ལས་ཞུགས་ཀྱི་དགོས་མཁོ་དང་། འགྲོ་སྒོའི་ནུས་ཤུགས་བཀོད་སྒྲིག་གི་སྔོན་རྩིས་ནན་མོའི་ངང་སྤེལ་དགོས། སྔོན་རྩིས་ཀྱི་འགྲོ་སྒོའི་ཚད་གཞི་མ་ལག་འཐུས་ཚང་དུ་བཏང་ནས། ད་ཡོད་ལས་རིགས་ཀྱི་ཚད་གཞིའི་བཀོལ་སྤྱོད་ཇེ་དྲག་ཏུ་གཏོང་བ་དང་། ལས་གཞིའི་གཞི་རྒྱའི་སྒྲིག་ལུགས་དང་། དུས་ཆེན་གྱི་བྱ་འགུལ་ཆེ་གྲས། དྲ་རྒྱའི་འཁོར་སྐྱོད་སྲུང་སྐྱོང་སོགས་ཀྱི་ཚད་གཞི་མགྱོགས་མྱུར་ངང་གཏན་འབེབས་བྱས་ཏེ། ལས་ཁུངས་ཀྱི་སྔོན་རྩིས་སྒྲིག་ལུགས་ཚན་རིག་ཅན་དང་ཚད་ལྡན་ཅན་སྐུལ་སྤེལ་གཏང་དགོས། ནོར་སྲིད་སྲོག་ཤིང་གི་ལས་སྒོ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་མགྱོགས་མྱུར་ངང་གྲོང་ཁྱེར(ཁུལ)བར་ཁྱབ་བརྡལ་དུ་གཏང་དགོས་ལ། སྔོན་རྩིས་ལས་ཕྱོད་དོ་དམ་ཀྱི་ལས་སྒོ་སྣ་སོ་སོ་གཞི་གཅིག་ཅན་གྱི་མ་ལག་ཏུ་འཇུག་པར་རེ་བ་འདོན་པ་དང་། ལས་ཕྱོད་དོ་དམ་བྱེད་ཐབས་སྔར་ལས་ལེགས་པའི་སྒོ་ནས་བཀོལ་ཏེ་སྐུལ་སྤེལ་དང་ཚད་བཀག་ཇེ་དྲག་ཏུ་གཏང་དགོས། ནོར་སྲིད་ཀྱི་རྒྱལ་མཛོད་དོ་དམ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། མ་དངུལ་གཏོང་སྤྲོད་དང་སྲིད་གཞུང་གི་ཉོ་བསྡུ། མ་དངུལ་དོ་དམ། ངེས་རྩིས་སྙན་ཞུ་སོགས་ཀྱི་ལས་སྒོ་ཕྱོགས་བསྡུས་བསྡུ་རུབ་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་གཏང་དགོས། སྲིད་གཞུང་གི་རྩིས་གཉེར་བའི་བཅོས་སྒྱུར་སྐུལ་སྤེལ་བཏང་ནས། ལས་ཁུངས་ཀྱི་ནོར་དོན་སྙན་ཞུ་དང་སྲིད་འཛིན་དོན་ལས་ཀྱི་སྡེ་ཁག་ནང་ཁུལ་ནས་སྙན་ཞུའི་དོ་དམ་བཀོལ་སྤྱོད་ལྟ་སྐུལ་ལ་ཚོད་འཛིན་བྱེད་པ་ཇེ་དྲག་ཏུ་བཏང་ནས། རང་རེའི་ཞིང་ཆེན་གྱི་དངོས་ཡོད་དང་འཚམ་པའི“མཉམ་འབྲེལ་དྲ་རྒྱ+གནད་འཁེལ་དབུལ་སྐྱོར་མ་དངུལ་ཚབ་བྱེད་རྩིས་ཐོར་འགོད་པའི”ཚོད་ལྟའི་བྱ་བ་འཚོལ་ཞིབ་བྱས་ཏེ་སྤེལ་དགོས། ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཁྱབ་ཚད་དང་ཟབ་ཚད་རྒྱ་བསྐྱེད་ནས། ཕྱོགས་ཡོངས་ནས་ནོར་སྲིད་ཀྱི་ཡོངས་བསྒྲགས་ཚད་ཇེ་མཐོར་གཏང་དགོས། གཉིས་ནི་ནོར་སྲིད་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཀྲུང་དབྱང་གི་བཀོད་སྒྲིག་ལྟར། རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་ཁྱབ་ཁོངས་ནས་ཞིང་ཆེན་གྱིས་འོག་རིམ་ནོར་སྲིད་ཀྱི་དོན་དབང་དང་འགྲོ་སྒོའི་འགན་འཁྲི་དབྱེ་བགོ་བྱ་བ་སྦྲེལ་མཐུད་ལ་སྐུལ་སྤེལ་གཏང་དགོས། དོན་དབང་དང་འགྲོ་སྒོའི་འགན་འཁྲི་དབྱེ་བགོ་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་གྱིས་འོག་རིམ་ལ་སྤོ་སྒྱུར་གཏོང་སྤྲོད་སྒྲིག་བཀོད་ཚད་ལྡན་དུ་གཏང་དགོས་ལ། ཞིང་ཆེན་གྱི་འོག་རིམ་ལ་ཆེད་སྤྱོད་སྤོ་སྒྱུར་གཏོང་སྤྲོད་མ་ལག་འཐུས་ཚང་དུ་བསྐྲུན་དགོས། གཞི་རྒྱ་སྔར་ལས་ཆེ་བའི་ཁྲལ་འཕྲི་རིན་གཅོག་དོན་འཁྱོལ་བྱས་རྗེས་ཞིང་ཆེན་དང་གྲོང་ཁྱེར་དང་ཁུལ་གྱི་ཡོང་སྒོ་དབྱེ་བགོ་སྙོམ་སྒྲིག་གི་བཅོས་སྒྱུར་འཆར་འགོད་ལ་སྐུལ་སྤེལ་བཏང་ནས། གཞི་རིམ་ནོར་སྲིད་ལ་སྔར་ལས་མང་བའི་ཡོང་སྒོའི་ཡོང་ཁུངས་ཡོད་པར་བྱ་དགོས། གསུམ་ནི་ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་ཚང་དུ་གཏང་དགོས། ནོར་སྲིད་པུའུ་ཡིས་བླང་བྱ་ལྟར། འཛད་སྤྱོད་ཁྲལ་དང་། ཞིང་སའི་རིན་འཕར་ཁྲལ། གན་རྒྱའི་ཁྲལ། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་ཁྲལ་བཅས་ཀྱི་བཅོས་སྒྱུར་ཧུར་ཐག་གིས་སྐུལ་འདེད་བྱ་དགོས། རང་རེའི་ཞིང་ཆེན་གྱི་ཐོན་ཁུངས་ཁྲལ་བསྡུའི་རིགས་མིང་དང་། ཁྲལ་ཚད་དང་གཟིགས་སྐྱོང་སྲིད་ཇུས་ལ་ཞིབ་འཇུག་བྱས་ཏེ། ཐོན་ཁུངས་ཁྲལ་གྱི་ཁྲིམས་བདེ་ལེགས་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏང་དགོས།

(ལྔ)ཉེན་ཁ་སྔོན་འགོག་བྱས་ཏེ། ནོར་སྲིད་ཀྱི་འཁོར་སྐྱོད་རྒྱུན་མཐུད་ལ་ཁག་ཐེག་བྱ་དགོས། ནོར་སྲིད་རྒྱུན་མཐུད་ཀྱི་ལམ་འདི་ཐོག་མཐའ་བར་གསུམ་དུ་དམ་པོར་བཟུང་ནས། དམར་ཐིག་འདུ་ཤེས་དང་མ་མཐའིི་བསམ་གཞིགས་ཇེ་ཟབ་ཏུ་གཏོང་བ་དང་། ནོར་སྲིད་འཁོར་སྐྱོད་ཀྱི་བརྟན་འཇགས་རང་བཞིན་དང་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ནུས་ཡོད་རང་བཞིན་ཇེ་དྲག་ཏུ་གཏང་དགོས། གཅིག་ནི་ནོར་སྲིད་འཁོར་སྐྱོད་ཀྱི་ཉེན་ཁ་འགོག་སེལ་བྱ་དགོས། གཙོ་གནད་ལས་གཞིའི་འགྲོ་སྒོ་དང་ལོ་གསུམ་གྱི་རེས་འཁོར་འཆར་འགོད་བར་གྱི་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ལས་གཞིའི་སྔོན་རྩིས་བཀོད་སྒྲིག་གི་ཤུགས་ཚད་དང་རིམ་པ་འོས་འཚམ་གྱིས་ཚོད་འཛིན་བྱ་དགོས་ལ། ནོར་སྲིད་ཀྱི་ཐེག་ཚད་ནུས་ཤུགས་ལ་དཔྱད་འཇོག་ཆེ་རུ་བཏང་ནས། འགྲོ་སྒོའི་སྲིད་ཇུས་ཀྱི་འགག་སྒོ་ནན་མོར་བཟུང་སྟེ། ནོར་ཤུགས་ཀྱི་འགྲོ་སྒོའི་སྲིད་ཇུས་ལས་ཚད་ལས་བརྒལ་ཏེ་ལག་བསྟར་གཏན་ནས་མི་བྱེད་པ་དང་། རིགས་སོ་སོའི་ཁ་གསབ་རོགས་སྐྱོར་གྱི་སྲིད་ཇུས་འདོན་པར་གཟབ་ནན་བྱས་ཏེ། དམངས་འཚོ་སྲིད་ཇུས་རྒྱ་བསྐྱེད་མཐོར་འདེགས་གཙོ་བོ་ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་རྣམ་པའི་མ་དངུལ་བསྡུ་ཐབས་བརྒྱུད་དགོས། གཉིས་ནི་སྤྱི་ཚོགས་འགན་སྲུང་གི་ཉེན་ཁ་འགོག་སེལ་བྱ་དགོས། བགོ་སྒྱུར་བྱས་པའི་ཁག་གི་རྒྱལ་དབང་མ་རྩས་སྤྱི་ཚོགས་འགན་སྲུང་ཐེབས་རྩ་ཡོངས་སུ་འཇོག་པའི་བྱ་བ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། རྒན་གསོ་འཚོ་དངུལ་གྱི་འགན་འཁྲི་ཁག་ཁུར་དང་སྐུལ་མའི་ཚད་བཀག་གི་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གི་འགན་འཁྲི་གསལ་ཐག་ཆོད་པར་བྱས་ཏེ། རྒན་གསོ་འགན་སྲུང་གི་རྒྱ་བསྐྱེད་བསྡུ་རུབ་དང་། རྒན་གསོ་འཚོ་དངུལ་ཕྱིར་སྟེར་བ། ཐེབས་རྩའི་དོ་དམ་སོགས་དཔྱད་ཞིབ་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། རྒན་གསོ་དངུལ་དུས་ལྟར་འདང་ངེས་སྟེར་བ་དང་། ཐེབས་རྩའི་དོ་དམ་ཚད་ལྡན་ནུས་མཐོ་ཐོན་པར་ཁག་ཐེག་བྱ་དགོས། གསུམ་ནི་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱ་དགོས། ས་གནས་སྲིད་གཞུང་གི་མི་མངོན་པའི་བུ་ལོན་བཅད་གྲངས་དོ་དམ་ནན་མོ་བྱས་ཏེ། བུ་ལོན་ཉེན་ཁའི་དཔྱད་འཇོག་དང་། སྡོམ་རྩིས། ལྟ་སྐུལ་ཞིབ་བཤེར་ཤུགས་ཆེ་ཏུ་བཏང་ནས། མི་མངོན་པའི་བུ་ལོན་གྱི་འཕར་ཚད་གཏན་འགོག་དང་། མི་མངོན་པའི་བུ་ལོན་གྱི་གསོག་ཚད་ཧུར་ཐག་གིས་སེལ་དགོས། ས་གནས་སྲིད་གཞུང་གིས་སྲོལ་འགལ་གྱི་བུ་ལོན་གནད་དོན་ཚེ་གང་གི་འདྲི་རྩད་དང་བུ་ལོན་གནད་དོན་ལྡོག་བཤེར་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། མ་ལག་རང་བཞིན་དང་མངའ་ཁོངས་རང་བཞིན་གྱི་ཉེན་ཁའི་མ་མཐའ་བརྟན་པོར་སྲུང་དགོས།

(དྲུག)ངོས་འཛིན་ཇེ་མཐོར་བཏང་ནས། རང་འགུལ་དང་རང་རྟོག་གིས་ཕྱོགས་སོ་སོའི་ལྟ་སྐུལ་དང་ལེན་བྱ་དགོས། 《དུས་རབས་གསར་བའི་དམངས་ཆེན་གྱི་ལྟ་སྐུལ་བྱ་བ་སྔར་ལས་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར》གྱི་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། སྔོན་རྩིས་དང་ངེེས་རྩིས་དང་འཆར་ཟིན་སྒྲིག་བཟོའི་རྣམ་པ་འཐུས་ཚང་དུ་བཏང་ནས། གཙོ་གནད་འགྲོ་སྒོ་དང་ལས་གཞི་གལ་ཆེན་ཀྱི་སྔོན་རྩིས་ཞིབ་ཚགས་སུ་བཟོ་བ་དང་། དམངས་ཆེན་ལ་འགྲོ་སྒོའི་སྔོན་རྩིས་དང་སྲིད་ཇུས་དོན་འཁྱོལ་གྱི་གནས་ཚུལ་ཁྱོན་ཡོངས་ནས་ཡར་ཞུ་བྱ་དགོས། དམངས་ཆེན་གྱི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། དྲ་སྦྲེལ་ལྟ་སྐུལ་ལས་རྙེད་པའི་གནད་དོན་ཐག་གཅོད་ཀྱི་ལན་ལྡོག་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་དགོས། རྒྱལ་དབང་རྒྱུ་ནོར་དོ་དམ་གྱི་གནས་ཚུལ་དམངས་ཆེན་ལ་སྙན་ཞུ་འབུལ་བའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། སྲིད་འཛིན་དང་དོན་ལས་སྡེ་ཁག་གི་རྒྱུ་ནོར་གཙང་བཤེར་ཞིབ་རྩིས་བྱེད་པ་དང་། སྙན་ཞུའི་སྤུས་ཚད་མུ་མཐུད་ཇེ་མཐོར་གཏང་དགོས། སྲིད་ཇུས་དང་ལས་གཞི་གལ་ཆེན་གྱི་ལས་ཕྱོད་དམིགས་འབེན་དང་། ལས་ཕྱོད་དཔྱད་འཇོག་གི་མཇུག་འབྲས་རིམ་པ་གཅིག་པའི་དམངས་ཆེན་ལ་སྙན་ཞུ་འབུལ་བ་བརྟན་འཇགས་ངང་སྐུལ་སྤེལ་གཏོང་དགོས་པར་མ་ཟད། སྔོན་རྩིས་དང་ངེས་རྩིས་དང་མཉམ་དུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས། འཐུས་མི་དང་ཨུ་ཡོན་གྱི་ཞབས་ཕྱིའི་བྱ་བ་འཐུས་ཚང་དུ་བཏང་ནས། ཉིན་རྒྱུན་འབྲེལ་འདྲིས་རྒྱུས་ལོན་བྱེད་པར་ཤུགས་བསྣོན་པ་དང་། འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞི་ཞིབ་འཇུག་བྱས་ཏེ་ཡོངས་སུ་དང་ལེན་བྱེད་པ་དང་། འཐུས་མི་དང་ཨུ་ཡོན་གྱི་དོ་སྣང་བྱས་པའི་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། གྲོས་གཞི་དང་གྲོས་འཆར་སྒྲུབ་པའི་སྤུས་ཚད་མུ་མཐུད་དུ་ཇེ་མཐོར་གཏང་དགོས། སྐོར་ཞིབ་དང་རྩིས་བཤེར་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་གི་ཤུགས་ཚད་ཆེ་རུ་བཏང་ནས། རྒྱུན་རིང་གི་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་དགོས། ནོར་སྲིད་དོ་དམ་གྱི་ལྟ་སྐུལ་ཚད་མཐོའི་གཙིགས་ཆེན་དུ་བཟུང་ནས། ནོར་སྲིད་པུའུ་ཡི་མཚོ་སྔོན་ལྟ་སྐུལ་ཅུས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱ་བ་སྣ་ཚོགས་སྤེལ་བར་རྒྱབ་སྐྱོར་དང་མཉམ་འབྲེལ་སྒོས། གཞི་རིམ་གྱི་ནོར་སྲིད་འཁོར་སྐྱོད་གནས་ཚུལ་དོ་སྣང་ཚགས་དམ་བྱེད་པ་དང་། ས་གནས་སྲིད་གཞུང་གི་བུ་ལོན་སེལ་བ་དང་། “འགན་སྲུང་གསུམ”གྱི་འགྲོ་སྒོའི་འགན་འཁྲི་དོན་འཁྱོལ། དབུལ་སྐྱོར་འགག་གཏོར་གཡུལ་འཐབ་ཀྱི་ཆེད་སྤྱོད་མ་དངུལ་ལས་ཕྱོད་སོགས་ཀྱི་གནས་ཚུལ་གྱི་ལྟ་སྐུལ་ཇེ་དྲག་ཏུ་བཏང་ནས། འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་དང་། ནོར་སྲིད་དོ་དམ་གྱི་ཕྱོད་ནུས་དང་མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་བསྟུད་མར་མཐོར་འདེགས་གཏང་དགོས།

འཐུས་མི་རྣམ་པ། 2020ལོར་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་ལས་འགན་ལྗིད་ཅིང་འགན་འཁྲི་ཆེན་པོ་ཡོད་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་དམ་པོར་འབྲེལ་ནས། ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་དང་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱེད་དགོས་ཤིང་། དཀའ་ཁག་འགག་གཏོར་དང་། ཏན་ཏིག་གིས་བྱ་བ་བསྒྲུབ་སྟེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་དང་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་བསྐྲུན་པར་ཁག་ཐེག་བྱས་ཏེ་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས།