རྐང་ཚའི་རྫོང་ཨུ་ཧྲུའུ་ཅི་ལྷ་ཁོས་དགོན་ཆེན་དུ་རིམས་འགོག་བྱ་བར་ཞིབ་དཔྱད་བྱས་པ།

ཟླ༢པའི་ཚེས༨ཉིན། མཚོ་བྱང་ཁུལ་ཨུའི་སྲིད་གྲོས་ཀྲུའུ་ཞི་གཞོན་པའམ་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་ལྷ་ཁོ་རྐང་ཚའི་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་དུ་པྲོག་དབྱིབས་གློ་ཚད་རིམས་འགོག་ལས་དོན་ཐད་ལ་ཞིབ་དཔྱད་དུ་སོང་། རྫོང་ཨུའི་རྒྱུན་ཨུའམ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་འཇམ་དབྱངས་དོན་ལྡན་གྱིས་འགྲོ་རོགས་བྱས།

རིམས་འགོག་ཛ་དྲག་གི་དུས་བབ་དང་ཞིབ་ཕྲའི་རིམས་འགོག་བྱ་ཐབས་ནན་བཤད་བྱེད་སྐབས་ཀྱི་དུས་ཐོག་འདིར། ལྷ་ཁོས་བཤད་རྒྱུར། དཔྱིད་གསར་དུས་ཆེན་མཇུག་སྒྲིལ་ལ་ཉེ་བས། བོད་རིགས་ས་ཁུལ་དུ་ནང་བསྟན་སྲོལ་རྒྱུན་དུས་ཆེན་མང་པོ་ཡོད་ལ།ཡུལ་མི་དག་འདིའི་སྐབས་འགྲོ་འོང་མང་བོ་ཡོད་པས། དགོན་སྡེའི་རིམས་ནད་སྔོན་འགོག་བཀག་སྡོམ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན། གཅིག་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དུས་བབ་ཆེན་པོར་ངོས་འཛིན་གང་ལེགས་བྱས་ཏེ་མ་མཐའ་ཡང་བསམ་བློའི་འདུ་ཤེས་དང་བསམ་བློ་ཡག་པོ་གཏོང་ཤེས་དགོས་པ། ལོ་སར་ཆེ་མ་ཆུང་གསུམ་གཏན་ནས་མི་རོལ་བ། དགོན་པས་དད་ལྡན་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་དགོས་པ།རིམས་ནད་འགོག་བཅོས་ཀྱི་འཐབ་རྩོད་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། གཉིས་ནས་རིམས་ནད་སྔོན་འགོག་བཀག་སྡོམ་གྱི་བྱ་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྒྲིག་སྲོལ་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་།དགོན་སྡེའི་ནང་གི་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་ཉེན་ཁ་མི་འབྱུང་བར་གྲལ་བཤེར་ནན་མོ་བྱ་དགོས། གནས་གཙོ་བོ་དག་ཏུ་སྔོན་འགོག་ནུས་ཤུགས་རྒྱ་ཆེར་གཏོང་བ། མི་སྣ་ཕན་ཚུན་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཉུང་དུ་གཏོང་བ། དཀྲོགས་གཏམ་མི་བཟོ་བ་དང་ལག་པ་གཙང་བཀྲུ་བྱེད་པ། ལུས་སྦྱོང་ཧུར་ཐག་བྱེད་པ། གལ་ཏེ་གྲྭ་བཙུན་དག་ཕྱི་རོལ་དུ་འགྲོ་དགོས་ན་དགོངས་ཞུ་ཡི་གེ་བྲིས་ནས་སྙན་སེང་འབུལ་བའི་ལམ་ལུགས་དོན་འཁྱོལ་བྱེད་པ་བཅས་བྱས་ནས་རྒྱ་ཆེའི་དགོན་སྡེའི་དགེ་རྒན་དང་མི་སྣའི་གཟུགས་གཞི་བདེ་ཐང་འགན་ལེན་ཡང་དག་བྱེད་དགོས། གསུམ་ནས་རིམས་ནད་སྔོན་འགོག་བཀག་སྡོམ་ལ་ཁྱོན་ཡོངས་ནས་འགན་འཁྲི་ཏན་ཏིག་ཁུར་ནས་དགོན་སྡེའི་དྲིལ་བསྒྲགས་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། དགེ་འདུན་པ་རྣམས་དགོན་སྡེའི་ཕྱི་རོལ་དུ་མི་འགྲོ་བ་དང་།གྲོགས་པོའི་བར་ཕན་ཚུན་འཚམས་འདྲི་མི་བྱེད་པ་དང་འདུ་འཛོམས་མི་བྱེད་པ་བཅས་ཀྱི་ཁ་ཏ་བསླབ་བྱ་གནང་ཏེ་མི་སྣ་འགྲོ་འོང་དང་།མཉམ་འཛོམས།འབྲེལ་གཏུག་བཅས་བརྒྱུད་ནས་རིམས་ནད་འགོ་བར་སྔོན་འགོག་ཏན་ཏིག་བྱ་དགོས། བཞི་ནས་རྨོངས་དད་ལ་ངོ་རྒོལ་བྱས་ནས་ཚན་རིག་དང་མཐུན་པའི་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འཕྲོད་བསྟེན་རིམས་འགོག་གི་འདུ་ཤེས་ཆེ་རུ་བཏང་སྟེ། རང་འགུལ་ངང་རླུང་འཕྲིན་དང་།བརྙན་འཕྲིན།དྲ་རྒྱ།བརྡ་འཕྲིན་སོགས་བརྒྱུད་ནས་རིམས་ནད་སྔོན་འགོག་བཀག་སྡོམ་གྱི་ཤེས་བྱ་སློབ་སྦྱོང་བྱས་ནས་རིམས་འགོག་བྱེད་ནུས་ཤུགས་ཆེ་རུ་བཏང་སྟེ་སྲུང་སྐྱོབ་ཀྱི་ནུས་པ་བླ་ན་མཐོ་བར་བྱ་དགོས།


མཇུག་མཐར་ལྷ་ཁོས་ནན་གྱིས་བསྟན་དོན། ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་དགོན་པའི་དོན་དངོས་ལག་ལེན་བརྒྱུད་རྒྱལ་གཅེས་ཆོས་གཅེས་ཀྱི་འགན་འཁྲི་ཁུར་དུ་བླངས་ནས། གཉན་རིམས་ནན་ཏན་སྒོས་སྔོན་འགོག་དང་ཚན་རིག་དང་མཐུན་པའི་རིམས་འགོག་བྱས་ནས་རིམས་ནད་སྔོན་འགོག་བྱ་བར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཟེར།དེ་མིན་ཁ་ཐུམ་དང་༨༤དུག་སེལ་ཆུ། ཆང་བཅུད། འཚོ་བའི་ཅ་ལག་དང་སྨན་སྤྱོད་དངོས་བོ་སོགས་གནང་།

གསར་འགོད་པ། ཚེ་དབང་རིག་འཛིན།