བོད་ཡིག་བརྡ་ཆད་ཀྱི་གཉན་རིམས་དང་དེའི་ཉེན་འགོག་གཅིག་གོ་བརྒྱ་ཆོད། __རྨེ་རུ་ཡུལ་ལྷ་ཐར།

____ལོ་འདི་ཚོར་བོད་ཀྱི་མཁས་པར་འདོད་པ་ཚོས་མིང་བརྡ་ཐ་སྙད་དག་ཉོག་ཏུ་བསྲེས་ཚུལ་ལས་འཕྲོས་པ།

ཉེ་བའི་ལོ་དུས་ནང་། བོད་དུ་སྤྱི་ཚོགས་ཕྱོགས་འགྱུར་གྱི་དུས་འགྱུར་རིམ་པར་བྱུང་སྟེ། སྲིད་འབྱོར་རིག་གསུམ་གང་ཐད་ནས་གནམ་ས་བླ་འོག་བརྗེ་བའི་འགྱུར་ལྡོག་བྱུང་། འགྱུར་ལྡོག་དེ་དག་ལ་དགེ་སྐྱོན་གྱི་ཆ་གང་མང་མཆིས་པ་ངེས་གཏན་ཡིན་ལ། དེས་བོད་ཀྱི་སྔ་དུས་སྤྱི་ཚོགས་སྒྲིག་གཞིར་འགྱུར་བ་བཏང་བའང་དངོས་གནས་ཡིན་ནོ། །ལྷག་པར། གོ་རིམ་དེའི་ནང་བོད་ཀྱི་དཔལ་འབྱོར་ལ་སྒྲིག་གཞི་རང་བཞིན་གྱི་འགྱུར་བ་བྱུང་ཞིང་། སྲིད་ལུགས་ལ་བཅད་གཏུབ་རང་བཞིན་གྱི་སིལ་ཆད་བྱུང་ལ། རིག་གནས་ལའང་གསར་བརྗེ་རང་བཞིན་གྱི་དུས་འགྱུར་བྱུང་ངོ་། །གལ་ཏེ། བརྒྱ་ལ་འགྱུར་བ་ཆེར་མེད་པའི་རིགས་ཤིག་འདྲེན་དགོས་ན། ཆོས་ལུགས་ཞེས་པའི་སྒྲོམ་གཞི་ཆེན་པོ་འདི་ཡིན་མོད། དེའང་དོན་ལ་ཕྱི་ཤུན་མཆིས་མོད་ནང་སྙིང་རུལ་གྱིན་པའི་ཕུང་བོ་ཞིག་གོ་སྙམ།

གནས་སྐབས་འདི་དག་བསྐྱུར་ཞོག འདིར་རིག་གནས་ཀྱི་ཁོངས་ནས་ཀྱང་དོན་དག“ཆུང་ངུ”ཞིག་འདྲེན་པར་བྱ་སྟེ། དེས་དེང་སང་གི་རང་རེའི་གནས་བབ་གསལ་རྗེན་དུ་མཐོང་ཐུབ་པས་སོ། །དོན་དག“ཆུང་ངུ”དེ་གང་ཡིན་ཟེར་ན། བོད་ཀྱི་སྐད་ཡིག་ལས་མང་པོ་ཞིག་གིས་ཆེས་ཆུང་ངུའམ་གླེང་རིན་ཆེར་མེད་པར་བསམ་པའི་བརྡ་ཆད་དང་ཐ་སྙད་ཀྱི་སྐོར་འདི་ཡིན། བོད་དུ་སྔ་རབས་པ་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་ཆེན་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་དག་བྱུང་ཞིང་། གླིང་བཞི་ཧྲིལ་གྱིས་ཁ་ལོ་བསྒྱུར་བར་བྱེད་པའི་བཙན་པོ་དབུ་རྨོག་མཐོ་བ་དེ་དག་ཀྱང་བྱུང་བའི་སྟབས་ཀྱིས། སྔ་ཕྱིར་བཀས་བཅད་དང་སྐད་གསར་བཅད་ཀྱི་ལས་རིམ་འཕྲོ་རིམ་འཕྲོར་བྱུང་བ་ཡིན་ཞིང་། དེས་བོད་ཀྱི་ལོ་ངོ་ཆིག་སྟོང་ཡས་མས་ཀྱི་སྐད་ཡིག་ལོ་རྒྱུས་སྲུང་ཐག་གཅིག་གིས་བཟུང་སྟེ་ནུབ་ལོའི་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་མཚམས་བར་ཐུག་པ་དེའོ། །དེའི་ཕྱིས་ནས། བོད་ཀྱི་བསོད་ནམས་ཟད་ཅེས་ན་རེད་ལ་རིག་གནས་པ་སོ་སོས་བརྡ་ཆད་གུ་ཡངས་སུ་བཏང་ཞེས་ནའང་འགྲིག་སྟེ། གང་ལྟར་བོད་ཀྱི་བརྡ་གསར་བ་དང་ཐ་སྙད་གསར་བ་དག་ལ་རྫི་བོ་མེད་པ་ཆགས་ཏེ་རིམ་གྱིས་རང་ཡན་དང་སོ་སོར་ཆད། མདོ་དབུས་ཁམས་གསུམ་གྱི་ཡི་གེ་བ་ཚོས་པ་བ་གཅིག་པུ་བརྩད་དེའང་ད་ལྟའི་བར་དུ་སོན། དེ་ལྟར་ཡིན་ནའང་། དོན་བཟང་བོ་མ་སྒྲུབ་པའང་ག་ལ་ཡིན་ཏེ། ལོ་ངོ་བཅུ་ཕྲག་ལྷག་གི་ཡར་སྔོན་ལ《བོད་རྒྱ་ཚིག་མཛོད་ཆེན་མོ》ལྟ་བུའི་ཐུན་མོང་ཁས་ལེན་གྱི་སྲོལ་བཟང་ཚུགས་མྱོང་བས་སོ། །དེའི་ཕྱིས་ནས། ཐོག་མར་ཕལ་གྱིས་ཁས་ཙམ་ལེན་པའི་བརྡ་ཆད་གསར་བ་ཁག་ཅིག་བྱུང་། དེ་ནས་ཕྱེད་ཀྱིས་བཀོལ་ཙམ་བྱེད་པའི་ཐ་སྙད་མང་པོ་མཐུད་ནས་བྱུང་། མཐའ་མར། རང་འདོད་བཙན་གྱིས་སྟོན་བྱེད་བརྡ་ཆད་གང་མང་ཕྱོགས་བཞི་མཚམས་བརྒྱད་ནས་འཕྱུར་ཏེ། མཁས་པས་གཞན་ལུགས་ཐལ་བཞིན་འདོར་ཞིང་ཕལ་བས་གྲོང་སྐད་སྲོག་བཞིན་འཛིན། རང་གི་གོ་ཁ་ཁོ་ན་བསྲུང་སྟེ་གཞན་གྱི་བདེན་པར་དཔྱད་པ་མེད། དེ་ལྟར། རང་ཅག་ཕྱིར་འཁོར་མེད་པའི་བརྡ་ཆད་ཀྱི་བར་གསེང་ཞིག་ནས་གོ་འཛོལ་དུ་ཕྱིན་འདུག་ལ། གཙོ་ཕལ་དབྱེ་བ་མ་འཁོར་བར་སོ་སོའི་འདམ་བུའི་ཚལ་དུ་འཕག་འཚག་རྒྱག་བཞིན་མཆིས། ཡང་། ཁ་ཅིག་གིས་ཚིག་མཛོད་ཅེས་པ་ཅི་དགར་སྒྲིག་ཆོག་གི་ལས་ཀ་ཞིག་ཏུ་བལྟས་ཏེ་མི་སྣ་གཅིག་དང་གཉིས་ཀྱིས་སྒེར་གྱི་ངོས་ནས་བསྒྲིགས་ཤིང་ངོམས་ནའང་། དོན་ལ་ཆེད་ལས་ཚིག་མཛོད་ཁག་རྣམས་དེ་བཞིན་སྒྲིག་ཆོག་པ་ཞིག་ལས། ཐུན་མོང་བེད་སྤྱོད་ཀྱི་ཐ་སྙད་བརྡ་ཆད་དག་ནི་དེ་ལྟ་མིན་པ་རྟོགས་དགོས་སོ། །

ད་ལྟ། བོད་ཡིག་བརྡ་ཆད་སྤྱི་བསྒྲགས་ཞེས་པའི་དུས་ཚིགས་རང་བཞིན་གྱི་བརྡ་ཆད་ཁྲོམ་བསྒྲགས་ལས་ཀ་ཞིག་སྤེལ་གྱིན་ཡོད་ཚུལ་མཐོང་ཞིང་། རྒྱལ་ཡོངས་བོད་ཡིག་བརྡ་ཆད་གཏན་འབེབས་ཨུ་ཡོན་ལྷན་ཁང་ལྟ་བུའི་མིང་ཡོད་དོན་སྟོང་གི་ཚོགས་པ་ཞིག་ཀྱང་ཡོད་རབས་ཐོས་མོད། དེས་སྤྱི་བསྒྲགས་བྱས་པའི་བརྡ་རྣམས་ཕལ་གྱིས་སྤྱོད་པ་ཕར་ཞོག གྲོང་ཁྱེར་ཆུང་ཆུང་གི་གསར་འགྱུར་སྨྱན་བྱེད་ལས་ཁུངས་རེ་གཉིས་ཡོད་པ་དེ་ཚོས་ཀྱང་ཁ་ཡ་མི་བྱེད་པའི་ཚུལ་ཐོས། དེའང་ལོས་ཡིན་ཏེ། བོད་ཀྱི་ཡི་གེ་འབྲི་སའི་ལས་ཁུངས་མང་ཤོས་ལ་ཨུ་ཚུགས་བྲག་ལས་སྲ་ཞིང་མིག་རྒྱ་ཁབ་ལས་དོག་པའི་བོད་ཡིག་ཨེན་ཙམ་མཁྱེན་མཁན་འགོ་བ་ཁག་ཅིག་འགྱིང་འགྲོས་བྱེད་ཀྱིན་པས་སོ། །དེའི་རྐྱེན་གྱིས། ང་ཚོའི་སྡེ་རུ་ཆེད་ལས་ཚད་ལྡན་ངེས་སྲོལ་ཅན་དུ་ཅི་ལྟར་བྱས་ཏེ་བསྒྲགས་ནའང་། ཁ་ཅིག་ལ་ནི་རྣ་རྒྱབ་རླུང་བུ་དང་བོང་བུར་ཁ་བརྡ་བྱེད་པའི་དཔེ་རུ་སོང་བ་ཡིན་ཞིང་། དེའི་ཁར། སྐབས་དང་སྐབས་སུ་སྒམ་མདོག་མཁས་ཚུགས་འཛིན་མཁན“གཏོར་བརླག་པ”ཁག་ཅིག་གིས་བོས་པའི་སྐབས་སུ་ཨ་མེད། བཅོལ་བའི་དུས་ལ་ཡ་མེད་པར་བྱི་བ་འཕྱི་ཁུང་ནས་ཐོན་པ་ལྟར་རང་ཉིད་ཁོ་ནས་རྟོགས་པའི་ཀི་རེ་བཏབ་འགྲོ་བ་ནི། རང་ཅག་གི་འཐོར་ནས་ཆད་ལ་ཉེ་བའི་སྐད་ཡིག་གི་མིང་བརྡ་ལྷག་མ་འདི་ཚོ་གཙབ་མཁན་མ་ཡིན་ནམ།

ཐོས་ཆུང་ཕྲན་གྱི་བསམ་པ་ལ། ང་ཚོ་ནི་སྐྲ་ཡི་ཉག་མ་གཅིག་དང་མཚུངས་པའི་སྐད་ཡིག་རིག་གནས་ཀྱི་རྒྱུན་ཐག་ཕྲ་མོ་ཞིག་གི་རྐེད་ལ་འཇུས་ནས་འཛམ་གླིང་ས་ཡི་རིལ་མོར་མཉམ་བགྲོད་བྱེད་མཁན་ཡིན་པ་ལ། ཕན་ཚུན་མཐུད་བྱེད་ཐ་སྙད་ཅིག་ནི་ངེས་པར་དགོས་ཤིང་། དེའང་སྔ་རབས་མཁས་པ་དག་གིས་ཕྱི་རབས་རང་ཅག་རྣམས་ལ་བགོ་སྐལ་དུ་བསྐྱུར་བའི་ཐ་སྙད་གང་ཡོད་འཚོ་དགོས་པའི་སྟེང་། གསར་བྱུང་མིང་དང་བརྡ་ཡི་ཐ་སྙད་ཐམས་ཅད་ཚུར་ཚུར་བསྡུ་བའི་བློ་སྤོབས་དགོས་ལ། བརྡ་ཆད་གཅིག་གྱུར་བཀོལ་སྤྱོད་བྱེད་པའི་ལྷག་བསམ་དག་པའི་བགྱི་བ་མཁོ།

དེང་གི་བབ་ལ་བལྟས་འོངས་དུས། རང་ཅག་ཐམས་ཅད་ཏོག་དབྱིབས་གློ་ཚད་ལས་ཀྱང་ལྷག་པའི་བོད་ཡིག་བརྡ་ཆད་ཀྱི་གཉན་རིམས་ནད་དུག་ཅིག་གིས་འཁྱུད་འདུག་སྟེ། དང་པོས་མིང་བརྡ་བཏགས་ཚེ་གཉིས་པས་མཚང་འདྲུ་བྱེད། གསུམ་པས་གཏན་ལ་ཕབ་ན་བཞི་པས་ཁ་མང་གཏོང་། ལྔ་པས་དེབ་ཏུ་བཀོལ་ན་དྲུག་པས་མིན་པར་བརྩི། འདི་ལྟར་ནམ་ཡང་རྫོགས་རྒྱུ་མེད་པའི་ཁོར་མོ་ཡུག་ཏུ་གནས་པ་ལས། བརྡ་ཆད་གཉན་རིམས་འདི་བོད་མི་ཕལ་གྱི་ཀླད་པའི་ནང་དུ་ཟུག་སྟེ། རྒན་དར་གཞོན་གསུམ་དང་མཁས་བླུན་བར་མ་ཀུན་གྱིས་ཞེ་འདོད་ཁོ་ན་ཙམ་གཙིགས་སུ་བཟུང་། འཐེན་ཁྱེར་གཅིག་པུ་ཙམ་ལྟ་བར་བཀུར། གལ་ཏེ་དེ་འདྲ་མ་གནང་རོགས་ཞེས་པའི་རེ་ཞུ་ཙམ་ཕུལ་ནའང་། བླུན་པོ་དང་མ་རབས་དང་ཐ་ཤལ་དང་གཏེ་བོ་སོགས་ཀྱི་མིང་གིས་སྤྱོ་ཞིང་བསྡིགས་པར་བྱེད་པས། བོད་ཀྱི་ཡི་གེ་བ་དག་བློ་ཁོག་མེད་པའི་རིག་གནས་པ་དང་། ཡི་གེ་ཤེས་མོད་མིག་རྒྱང་མེད་པ་རྐྱང་དུ་ཆགས་ཀྱིན་གདའོ། །འདི་འདྲའི་ངང་ལ་བག་མེད་པར་སོང་ཚེ། ང་ཚོའི་སྐད་ཡིག་ནི་བདག་པོ་མེད་པའི་ཞིང་ས་དང་གནས་སྤོས་བྱས་པའི་འབྲོག་ས་དང་ཁྱད་མེད་པར་འགྱུར་རོ། །དོན་དངོས་སྟེང་། མིའི་རིགས་ཀྱི་སྐད་ཡིག་རིག་གནས་ལ་ཕྱི་རིམ་ནང་རིམ་བར་རིམ་མང་པོ་མཆིས་པ་ལས། མིང་དང་ཐ་སྙད་ནི་ཕྱི་ཡི་རིམ་པ་དེ་ཡིན་ཞིང་། ནམ་ཞིག་ཕྱི་རིམ་གཏོར་ནས་བར་རིམ་ལ་སླེབས་ཚེ། ནང་རིམ་མ་མོའི་སྙིང་འདྲ་བ་ལའང་བར་ཆད་འབྱུང་ངོ་། །དེ་བས་ན། བརྒྱ་གོ་གཅིག་ཆོད་ཀྱི་ཐབས་ལམ་གཅིག་ཡོད་པ་ནི། དང་པོས་བགྲོ་གླེང་བྱེད་དུས་གཉིས་པས་གནད་དུ་འཛིན། གསུམ་པས་བཏགས་མིང་ཁྱེར་དུས་བཞི་བས་སྣོན་མ་བྱེད། ལྔ་བས་གཏན་ལ་ཕབ་ཚེ་དྲུག་པས་ཅི་བཞིན་སྒྲུབ་པའོ། །དེ་ལས་ལྷག་པའི་ཐབས་ཤེས་ནི་ཡེ་མེད་ཅིང་ཡོད་ཀྱང་མི་སྲིད་པས་ན། གནད་འདི་ཡིད་ལ་འཛིན་པར་རིགས་ལ་ཡང་ཡང་བསམ་པར་བྱའོ། །

ཡིན་ནའང་འདིར་འགྲེལ་བརྗོད་བྱེད་དགོས་པ་ཞིག་ལ། ཁོ་བོས་རེབ་འདིར་གླེང་བ་ནི་ཐུན་མོང་བེད་སྤྱོད་ཀྱི་འཚོ་བའི་ཐ་སྙད་དང་གཏན་འཇགས་བཀོལ་ཆོག་གི་ཆེད་ལས་བརྡ་ཆད་ཡིན་པ་ལས། བརྟག་འོས་དཔྱད་རུང་གི་རིག་གཞུང་བརྡ་ཆད་དག་ནི་མ་ཡིན་ནོ། །དེ་རྣམས་ལ་ནི་སྐབས་དང་སྐབས་ཀྱི་བརྡ་སྦྱར་ཆོག་ཅིང་ཡང་དང་བསྐྱར་དུ་གླེང་ཡང་རུང་བ་ཡིན་པས། རིག་གཞུང་པ་རང་ཉིད་སོ་སོས་རང་ལུགས་བརྗོད་པའི་ཨུ་ཚུགས་གཉེར་རུང་ངོ་། །

དེས་ན་གྲོས་འདི་འདེབ་པར་བྱ་སྟེ། རང་ཅག་ཐུན་མོང་རི་རྩེའི་རླུང་ངོགས་ནས་ཤོད་ལ་བབས་ཏེ་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་སྲུང་བར་བྱེད་པ་ལ། བརྡ་ཆད་ཐ་སྙད་དག་གཅེས་པས་གཉེར་ཏེ་ཧི་མ་ལ་ཡའི་ལྷོ་བྱང་ཀུན་གྱིས་གོ་ཐུབ་པའི་སྐད་ཡིག་ཅིག་ལ་འབད་པར་བྱེད་དོ།། །།

ཞེས་བོད་རབ་རྒྱན་ས་ཕག་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བཞིའི་ཉིན་ཏེ་ནུབ་ལོ2020ལོའི་ཟླ2ཚེས8ཉིན་གངས་ཅན་གྱི་ཤར་ཕྱོགས་མདོ་སྨད་བྱང་རྒྱུད་ཀྱི་གནའ་མཁར་ཟི་ལིང་ནས་སྦྱར།