རིམས་འགོག་ཁྲོད་ཀྱི་འབའ་རྫོང་ཁྲིམས་འཛིན་འཐབ་གྲོགས་ཚོ།

དུ་ཞག་མེད་པའི"དམག་འཁྲུག"ཅིག་གིས་རྫོང་ཡོངས་ཀྱི་གོང་འོག་བར་གསུམ་ལ་མནར་གཅོད་ཚད་མེད་བཏང་བ་དང་།ཐོལ་བྱུང་རིམས་ནད་ཅིག་གིས་ཁྱིམ་ཚང་ཁྲི་སྟོང་མང་པོའི་ལྷིང་འཇགས་གཏོར་སོང་། ལས་བཀུར་བརྩོན་འགྲུས་ཆེ་བའི་ཅུའུ་ཀྲང་བཀྲ་ཤིས་དོན་འགྲུབ་དང་ཆོས་འཚོ་སྐྱིད་གཉིས་ཀྱིས་དཔའ་ངར་དང་བརྟན་སྲུང་གིས་ཡུལ་མིར་བརྩེ་སེམས་དང་རེ་བ་སྦྱིན་པ་དང་། ཁྲིམས་འཛིན་འཐབ་གྲོགས་ཚོས་ཁྱིམ་ཚང་དང་སྡེ་ཁུལ་རེ་རེ་བཞིན་རིམས་ནད་འགོག་སྲུང་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ་ཡུལ་མིའི་བདེ་འཇགས་བསམ་བཞིན་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་སྟོབས་ཤུགས་ཀྱིས་ཁེངས་ཡོད།

རིམས་ནད་ནི་བཀའ་རྒྱ་དང་འགོག་སྲུང་ནི་འགན་འཁྲི་ཡིན་ཞེས་པ་ལྟར། རིམས་ནད་འགོག་བཅོས་ཀྱི་ཅུང་བརྡ་གྲགས་མ་ཐག་མ་གཞི་ཁྱིམ་མི་ལྷན་འཛོམས་ཀྱི་དགའ་སྤྲོའི་ལོ་སར་ལ་རོལ་བའི་འཐབ་གྲོགས་ཚོས་རང་འགུལ་ངང་གུང་གསེང་དོར་ནས་འགོག་རྒོལ་གྱི་གཡལ་ས་དང་པོར་བསྐྱོད་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་ལས་གནས་བརྟན་སྲུང་གི་འོས་འགན་དང་དུ་བླངས་པ་རེད། ཐོག་མཐའ་བར་གསུམ་དུ་ཡུལ་མི་དང་མཉམ་དུ་རྡོག་རྩ་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་ཕ་ས་དང་ཕ་ཡུལ་གྱི་རིམས་ནད་འགོག་སྲུང་གི་འཛིང་རགས་དང་པོ་མཐའ་གཅིག་ཏུ་ཡག་པོ་སྲུང་བ་རེད།

སྲང་ལམ་དང་སྡོད་ཁུལ་སྒོ་ཆེན་ནི་ཁྱིམ་དུ་ལོག་པའི་འཛུལ་སྒོ་དང་པོ་དེ་ཡིན་ལ་རིམས་འགོག་གི་གཡུལ་ས་ཐོག་མ་དེ་ཡང་ཡིན། འགོ་ཁྲིད་དངོས་སུ་གཡུལ་སར་ཡོང་ནས་རླངས་འཁོར་དང་མི་འགྲོ་འོང་བྱེད་ས་གཙོ་བོ་དང་ཕྱིར་གཏོང་ནང་འདྲེན་བྱེད་སར་རིམས་ནད་ལྟ་ཞིབ་ཚད་ལེན་བྱེད་ས་བཙུགས་ནས་འགོག་སྲུང་ནན་པོ་བྱས་ཤིང་།ཁོ་ཚོའི་ལུས་ཀྱི་ཚ་གྲངས་འཇལ་ནས་རིམས་ནད་འགོག་སྲུང་བྱེད་པར་འགན་ལེན་ཏན་ཏིག་བྱས་ཡོད། ཁྲོམ་གཞུང་གི་རིམས་ནད་འགོག་བཅོས་ཀྱི་བླང་བྱ་གཞིར་བཟུང་ནས་ཞང་དང་སྡེ་བ།གཞིས་ཁུལ་ཁྱིམ་ཚང་དུ་འཚམས་འདྲིར་ཡོང་བའི་ཐོ་འགོད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་ཡོང་ཁུངས་འདྲི་རྩད་ཞིབ་ཚགས་བྱས་ཏེ་གྲོང་མིའི་བདེ་ཐང་གི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་འབྲེལ་དུས་ཐོག་ཏུ་ཐོ་འགོད་སྙན་སེང་ཞུས་ནས་གནས་ཚུལ་རྒྱུན་ལྡན་མིན་པ་ཤེས་རྟོགས་བྱུང་ཚེ་རྗེས་སྙེག་ཐག་གཅོད་རོགས་བྱེད་ཀྱིན་ཡོད་པ་རེད།


འགྲོ་འོང་མི་སྣ་གཙང་བཤེར་མཐིལ་རྟོགས་བྱ་རྒྱུ་ནི་རིམས་ནད་འགོག་སྲུང་བྱ་བ་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་པས་ཁྲིམས་འཛིན་འཐབ་གྲོགས་ཚོས་ཁྲོམ་གཞུང་གི་རིམས་འགོག་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་པོ་བྱས་ཏེ་ཁྱིམ་ཚང་རེ་རེ་དང་ནང་མི་གཅིག་ཀྱང་མི་ལུས་པའི་གཙང་བཤེར་ལས་འགན་ཡོངས་འགྲུབ་བྱས།དེ་ལྟར་ཉིན་མཚན་ཀུན་ཏུ་བརྟག་དཔྱད་བྱས་པ་བརྒྱུད་རང་རེའི་ལས་ཁུངས་ཀྱིས་འགན་ལེན་པའི་ཞང་སྡེ་དང་སྲང་ལམ། དེ་མིན་རྫོང་མི་རིགས་ཆ་ཚང་སློབ་ཆུང་གི་གཞིས་ཁྱིམ་སྒོ་ར་ནས་རྫོང་གི་གསོ་ཚགས་རུ་ཁག་བཅས་བར་གྱི་བསྡོམས་པའི་ཁྱིམ་ཚང192ཡོད་པའི་ཁྲོད་ཁྱིམ་ཚང49ཡུལ་ན་མི་མེད་པ་དང་། བོགས་གཏོང་ཁྱིམ་ཚང36་དུ་མི་ཕྱིར་ལོག་མེད་ལ་ཁྱིམ་ཚང39རུ་སྡོད་མཁན་མེད་པ་མ་ཟད་ཝུའུ་ཧན་ནས་ལོག་ཡོང་མཁན་གཅིག་ཀྱང་མེད་པ་ཤེས་རྟོགས་བྱུང་ཡོད།

འགོ་ཁྲིད་རྣམ་པ་གཉིས་ཀྱིས་ཡུལ་མི་མང་ཆེ་བའི་ལོ་ན་ཅུང་མཐོ་བ་དང་ཆ་འཕྲིན་ལ་རྒྱུས་མངའ་མི་ཐུབ་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་བྱས་ཏེ་ཁྱིམ་ཚང་རེ་རེར་བསྐྱོད་དེ་བརྟག་དཔྱད་བྱེད་པའི་མཚུངས་སུ། ཁས་ལེན་ཡི་གེར་མིང་རྟགས་བཀོད་པ་དང་ཡུལ་དངོས་ནས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་མིའི་ནད་ཡམས་འགོག་སྲུང་གི་ཤེས་བྱ་མཐོ་རུ་བཏང་བ་རེད། བོགས་ལེན་ཁྱིམ་ཚང་བལྟོས་བཅས་ཀྱིས་ཅུང་མང་བའི་གནས་ཚུལ་ལ་དམིགས་ནས་རེ་རེ་བཞིན་བརྡ་བཏང་སྟེ་གནས་སྡོད་དུས་འགྱངས་བྱེད་པའམ་ཡང་ན་ནད་ཡམས་སྐབས་སུ་རང་གིས་རང་ལ་འགོག་སྲུང་ཡག་པོ་བྱ་དགོས་པ་ནན་གྱིས་བསྟན་པས་ཀུན་གྱིས་བྱ་བར་རྒྱབ་སྐྱོར་ཐོབ་ཡོད།དེ་ལྟར་འཐབ་གྲོགས་ཚོས་འགན་ལེན་ས་ཁུལ་གྱི་ཁྱིམ་མིའི་གནས་ཚུལ་རྩད་ཞིབ་དང་བརྟག་དཔྱད་རེའུ་མིག་ཞིབ་ཏུབསྐོང་བ་དང་འབྲེལ་དུས་ཐོག་ཏུ་ཕྱོགས་བསྡུས་གོང་ཞུ་བྱས་ནས་གནས་ཚུལ་ཤེས་རྟོགས་གསལ་པོ་ཡོང་བ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་བྱ་བར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།

ཡུལ་མི་སྔར་ལས་མང་པོ་ཞིག་ལ་རིམས་ནད་འགོག་བཅོས་ཀྱི་ངོས་འཛིན་ཟབ་མོ་འཐོབ་ཕྱིར། འགོ་ཁྲིད་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། ངོས་སྙོམས་རི་མོ་ཇུས་འགོད་དང་། རྩ་ཚིག་སྦྱར་བ། དྲིལ་སྒྲོག་འཁོར་སྐྱོད་སོགས་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རིམས་འགོག་གི་དོ་སྣང་བྱ་དགོས་པའི་དོན་ཚན་ཁྱབ་སྤེལ་བྱས་ཏེ་ཡུལ་མིའི་ནད་ཡམས་འགོག་སྲུང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་།ད་བར་དུ།སྡེ་བ་དང་གཞིས་ཁུལ23ལ་སྐོར་བསྐྱོད་དྲིལ་བསྒྲགས་བྱས་ཤིང་མི་གྲངས38763་ལ་ཁེབས་ཡོད། དྲིལ་བསྒྲགས་ཤོག་ལྷེ་15420ལྷག་བཟོས་ནས་བཀྲམས་པ་དང་ཚོང་ཁང43ལ་དུག་སེལ་བྱས།

བརྩེ་སེམས་རྣལ་མ་ཕུལ་ན་ལྷག་བསམ་རྣམ་དག་གི་བསྟོད་བསྔགས་ཐོབ་སྲིད་ཅེས་པ་ལྟར། ཞང་སྡེ་དང་སྡེ་ཁུལ། སྲང་ལམ་བཅས་སུ་དཀའ་ཚེགས་ལ་མི་འཛེམ་པར་རེས་སྐོར་བྱེད་བཞིན་པའི་ཁྲིམས་འཛིན་འཐབ་གྲོགས་ཚོས་ཀྱང་རང་རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་ལྷག་བསམ་ཟོལ་མེད་ཀྱིས་བློས་གཏོང་དང་འབད་བརྩོན་བྱས་པས་ཡུལ་མི་མང་པོས་ཁས་ལེན་དང་ཁོ་ཚོར་སེམས་འགུལ་ཐེབས་སུ་བཅུག་པ་རེད། ཇི་ལྟར་དཀའ་ཁག་ཆེ་ན་དེ་ལྟར་མི་ཡུལ་གྱི་བརྩེ་བ་རྟོགས་ཐུབ་ཟེར་བ་ཅི་ལ་མི་བདེན།ནད་ཡམས་དམག་འཐབ་མདུན་དུ་ང་ཚོ་མི་རེ་རེ་ནི་འགན་འཁྲི་ཕྲག་ཏུ་ཐོགས་པའི་གདོང་ལེན་པ་ཡིན་ལ།ཅིས་ཀྱང་དཔའ་ངར་ཞུམ་མེད་ཀྱིས་འཐབ་དགོས་པའི་ཛ་དྲག་གི་ཉམས་སད་ཐེངས་ཤིག་ག་ལ་མིན།

ནང་མི་ཁ་ཤས་ཀྱིས་ཁྱེད་ཚོས་དཀའ་ལས་མྱངས་སོང་ཟེར་ནའང་།ཅུའུ་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་དེ་ཚོ་ལ་ང་ཚོར་མཚོན་ན་སྡོད་ཁུལ་ཁྱིམ་ཚང་ཡོངས་ཀྱི་ཁྱིམ་གཞིས་སྲུང་སྐྱོང་དང་ནང་མི་རེ་རེའི་ཚེ་སྲོག་བདེ་སྲུང་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཆེ་ཤོས་ཡིན་ཞེས་བཤད། དེ་ལྟར་ཁྲིམས་འཛིན་འཐབ་གྲོགས་ཡོངས་ཀྱིས་ཡུལ་མི་དང་ལྷན་དུ་བློ་གཅིག་སེམས་གཅིག་དང་ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་འགོག་སྲུང་གི་འཐབ་ས་དང་པོར་འབད་འཐབ་བྱེད་ཀྱི་ཡོད་པས། ང་ཚོས་རིམས་འགོག་དམག་འཐབ་མ་གྲོལ་བར་དུ་ལྷག་བསམ་རྣམ་དག་དང་བརྩེ་བ་དྲོན་མོས་རུ་དཔུང་གི་སྣེ་ཁྲིད་བྱས་ན། མཐའ་མཇུག་མུན་ནག་གི་ཞིང་ཁམས་ལས་ཐར་ཞིང་བཀྲ་ཤིས་པའི་སྐྱ་རེངས་ཀྱི་མདུན་བསུས་ཏེ་རིམས་ནད་འགོག་སྲུང་གི་དམག་འཐབ་འདི་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།

གསར་འགོད་པ། ཚེ་རིང་འབུམ།