ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ་དགུ་བ།

ལོ་སར་གྱི་རྗེས་སུ་ཕྱིར་མཚོ་སྔོན་ལ་ལས་གནས་སྟེང་ལོག་པའི་མི་སྣ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་པ་དང་། རང་ཞིང་དུ་ས་གནས་རང་གི་ནད་དུག་འགོས་པའི་ནད་པ་བྱུང་བ། རིམས་ནད་འགོག་བཅོས་ཚོད་འཛིན་དུས་རིམ་གསར་བའི་འགྲན་རྩོད་དང་འཕྲད་པ་བཅས་ལ་དམིགས་ནས། ཁྲིམས་ལ་བརྟེན་ཞིང་ཚན་རིག་དང་མཐུན་པར་ནད་པར་ཞིབ་བཤེར་དང་ལོགས་འགར། སྨན་བཅོས་བཅས་བྱེད་པ་དང་། གོ་རིམ་ལྡན་ཞིང་དོན་དངོས་དང་མཐུན་པར་ལས་ཀ་དང་ཚོང་གཉེར་གྱི་འགོ་རྩོམ་པ། རིམས་ནད་ཕོག་མཁན་དང་ནད་དུག་འགོས་མཁན་གྱིས་ཁྱིམ་མི་ཕན་ཚན་བར་ནད་བགོ་སྲིད་པ་དང་སྤྱི་ཚོགས་སྟེང་ནད་དུག་མཆེད་དུ་འཇུག་སྲིད་པར་བཀག་འགོག་བྱེད་པ་བཅས་ཀྱི་ཆེད་དུ། རང་ཞིང་གི་འགོག་བཅོས་ཚོད་འཛིན་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁྲིམས་བརྟེན་སྒྲིག་བརྟེན་དང་ས་ཁོངས་དོ་དམ། རིགས་བགར་ཇུས་བསྟར། མཉམ་འགོག་མཉམ་འཛིན་བཅས་ཀྱི་རྩ་དོན་ལྟར། སྔར་ལས་ཚན་རིག་དང་ཆེད་ལས། གཟབ་ནན་ཅན་གྱི་ལོགས་འགར་བྱེད་ཐབས་སྤྱད་དེ། མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་དུ་ལོག་མཁན་ལོགས་སུ་འགར་ཤུགས་ཇེ་ཆེར་གཏོང་བ་དང་། ལོགས་འགར་ལྟ་ཞིབ་བྱ་བ་བཟང་བོར་སྒྲུབ་སྟེ། ཚད་ཆེས་མཐོ་བའི་སྒོ་ནས་ནད་དུག་གི་འགོ་ལམ་གཅོད་དགོས།

གཉིས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་དུ་ལོག་མཁན་གྱི་འགྲོ་འདུག་གི་གནས་ཚུལ་དང་ལུས་ཕུང་བརྟག་བཤེར་གྱི་གནས་ཚུལ་སོགས་གཞིར་བཟུང་ནས། རིགས་བགར་ཇུས་བསྟར་བྱས་ཏེ་སོ་སོར་ཁྱིམ་ནས་ལོགས་སུ་འགར་བ་དང་གཅིག་བསྡུས་ཀྱིས་ལོགས་སུ་འགར་བ། སྨན་ཁུང་དུ་ལོགས་སུ་འགར་བ་བཅས་ཀྱི་བྱེད་ཐབས་སྤྱོད་པ་དང་། གོ་རིམ་ལྡན་ཞིང་ཚད་ལྡན་ཡིན་ལ་ཕན་འབྲས་མཐོ་བའི་སྒོ་ནས་རིམས་ནད་ཞིབ་བཤེར་བཀག་སྡོམ་བྱས་ཏེ། རིམས་ནད་འགོ་བ་དང་མཆེད་པར་སྔོན་འགོག་དང་ཚོད་འཛིན་ནན་མོ་བྱེད་དགོས།

དང་བོ། ཧུའུ་པེ་ཞིང་ཆེན་ཕུད་པའི་ས་ཆ་གཞན་དག་ནས་མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་དུ་ལོག་མཁན་ལ། རྩ་དོན་སྟེང་ནས་རང་ཉིད་འདུག་སའི་སྡེ་ཁུལ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་ཏེ། ཁྱིམ་ནས་མི་རེ་ཁང་བ་རེའི་ནང་དུ་གཟའ་འཁོར་གཉིས་ཀྱི་རིང་ལོགས་སུ་འགར་དགོས། ལོགས་སུ་འགར་སྐབས། ལོགས་སུ་བཀར་བའི་མི་སྣས་མགྲོན་པོར་སྣེ་ལེན་བྱས་མི་ཆོག་ལ། ཁྱིམ་མི་ཕན་ཚན་བར་དུ་ཡང་ཉུང་མཐར་ཡང་རྨིད་གཅིག་རིང་གི་བར་ཐག་འཛིན་དགོས། ཁྱིམ་མི་གཞན་དག་རང་དགར་ལོགས་སུ་བཀར་བའི་མི་སྣའི་ཁང་བའི་ནང་སོང་མི་ཆོག་པ་དང་། དུས་ནམ་ཡིན་རང་ཉིད་འགོག་སྲུང་གི་བྱ་བ་བཟང་བོར་སྒྲུབ་དགོས།

གཉིས་པ། ཧུའུ་པེ་ཞིང་ཆེན་ནས་འགྲོ་འདུག་བྱས་མྱོང་བའི་མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་དུ་ལོག་མཁན་ལ། རྗེས་སྙེག་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རྗེས་སྙེག་མིའི་ཐོག་ཏུ་འབྱོར་བ་དང་ཐོ་འགོད་དེབ་ཀྱི་སྟེང་དུ་ཡོད་པར་བྱེད་དགོས་པར་མ་ཟད། ཞིང་ཆེན་སྲིད་གཞུང་གི་བརྡ་ཁྱབ་ལྔ་བའི་བླང་བྱ་ལྟར་ཁྱིམ་ནས་ལོགས་སུ་བཀར་ཏེ་གསོ་རིག་ལྟ་ཞིབ་བཟང་བོ་བྱེད་དགོས། ཁྱིམ་ནས་ཁང་བ་གཞན་ཞིག་ཏུ་ལོགས་སུ་འགར་བའི་ཆ་རྐྱེན་མི་ཚང་བའི་མི་སྣ་དང་། ཞིབ་བཤེར་བྱས་པ་བརྒྱུད་དེ་ཤེས་པའི་ནད་ངོས་བཟུང་བ་དང་ནད་རྟགས་ཡོད་པའི་ནད་པར་འབྲེལ་འདྲིས་ཟབ་མོ་བྱས་མྱོང་མཁན་ཚང་མ་གཟའ་འཁོར་གཉིས་ལ་གཅིག་བསྡུས་ཀྱིས་ལོགས་སུ་བཀར་ཏེ། འབྱུང་སྲིད་པའི་ནད་དུག་འགོ་ཁུངས་ལ་ཚད་ཆེས་མཐོ་བའི་སྒོ་ནས་ཚོད་འཛིན་བྱེད་དགོས། གཅིག་བསྡུས་ཀྱིས་ལོགས་སུ་འགར་རྒྱུ་དེ་རྫོང་དང་ཆུའུ་སྲིད་གཞུང་གིས་རྩ་འཛུགས་ལག་བསྟར་བྱེད་དགོས་ལ། ངེས་གཏན་སྨན་བཅོས་ལས་ཁུངས་ཀྱི་ཉེ་འདབས་ནས་མགྲོན་ཁང་སོགས་གླས་ཏེ་གཅིག་བསྡུས་ཀྱིས་ལོགས་སུ་འགར་ས་བྱེད་དགོས་པ་དང་། གཅིག་བསྡུས་ཀྱིས་ལོགས་སུ་འགར་ས་རྣམས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་དང་མཐུན་དགོས། གཅིག་བསྡུས་ཀྱིས་ལོགས་སུ་འགར་སྐབས། འགོག་སྲུང་གི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱས་ཏེ། ལོགས་སུ་བཀར་བའི་མི་སྣར་བདེ་ཐང་གསལ་འདེབས་དང་ལུས་ཕུང་བརྟག་བཤེར། སེམས་ཁམས་ཁྲིད་སྟོན། ད་དུང་འཚོ་བའི་འགན་སྲུང་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས། དོགས་ཡོད་ནད་རྟགས་བྱུང་ཚེ་མྱུར་དུ་སྙན་ཞུ་འབུལ་དགོས་པར་མ་ཟད། འགོག་སྲུང་བཟང་བོ་བྱེད་པའི་ཆ་རྐྱེན་འོག་ཏུ། མྱུར་དུ་ཚ་ནད་སྒོ་བསྟེན་ཁང་དང་ཡང་ན་ངེས་གཏན་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་དགོས།

གསུམ་པ། སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་བཞིན་པར་མ་ཟད་ངོས་འཛིན་གྱི་རྒྱུ་རྐྱེན་དང་མཐུན་པའི་ནད་ངོས་བཟུང་བའི་ནད་པ་དང་ནད་རྟགས་ཅན་གྱི་ནད་པ་ཚང་མར་སྨན་ཁང་ནས་ལོགས་སུ་བཀར་ཏེ་སྨན་བཅོས་བྱེད་དགོས། ངེས་གཏན་སྨན་ཁང་གིས་གསོ་རིག་ལྟ་ཞིབ་སྨན་བཅོས་ཀྱི་བྱེད་ཐབས་སྤྱོད་པའི་འགན་ཁུར་དགོས།

གསུམ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རིགས་བགར་ལོགས་འགར་དོ་དམ་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། ས་ཁོངས་འགན་འཁྲི་དོན་འཁྱོལ་དང་མཉམ་འགོག་མཉམ་འཛིན་རྒྱུན་འཁྱོངས་ཀྱིས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། ལོགས་འགར་དོ་དམ་བྱ་བའི་ཆེད་དམིགས་ལས་རེས་བཙུགས་ཏེ། འགན་ཁུར་དང་བྱེད་ཐབས། བྱ་བ་བཅས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།

བཞི། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁྲིམས་ལ་བརྟེན་ཞིང་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པར་རིམས་ནད་འགོག་བཅོས་ཚོད་འཛིན་དང་འཕྲལ་བསྟུན་ཐག་གཅོད་བྱེད་ཐབས་ལག་བསྟར་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བཅའ་ཁྲིམས་དྲིལ་སྒྲོག་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་སྒོས་བཅའ་ཁྲིམས་ལས་འགན་ལག་བསྟར་བྱེད་པ་དང་། ཚན་རིག་ལུགས་མཐུན་དང་རང་འགུལ་སྒོས་ཞིབ་བཤེར་བརྟག་བཤེར་དང་ལོགས་འགར་ལྟ་ཞིབ་སོགས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་གཞོགས་འདེགས་བྱེད་པར་སློབ་སྟོན་བྱེད་དགོས།

ལྔ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྨན་བཅོས་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། རིགས་བགར་ལོགས་འགར་ལ་བརྟེན་ནས་སྨན་བཅོས་ཐོན་ཁུངས་དཀོན་པར་འགྱུར་བའི་སྣང་ཚུལ་ཇེ་ཉུང་དུ་གཏོང་དགོས། སྔ་མོ་ནས་མཐུན་སྦྱོར་བྱས་ཏེ་གཅིག་བསྡུས་ཀྱིས་ལོགས་སུ་འགར་ས་འཛུགས་དགོས་པ་དང་། ལོགས་སུ་འགར་དགོས་པའི་མི་རྣམས་བླང་བྱ་ལྟར་རིགས་བགར་ནས་ལོགས་སུ་འགར་དགོས། ལོགས་འགར་དོ་དམ་སྟོབས་ཤུགས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། འབྲེལ་ཡོད་ཆེད་ལས་མི་སྣ་རྩ་འཛུགས་བྱེད་དགོས་པར་མ་ཟད། མི་སྣ་གསོ་སྦྱོང་བྱས་རྗེས་ལོགས་འགར་དོ་དམ་སྟོབས་ཤུགས་ཇེ་ཆེར་གཏོང་དགོས།

དྲུག ལོགས་སུ་བཀར་བའི་མི་སྣ་ལོགས་འགར་གྱི་དུས་ཡུན་ལོངས་ནས་ནད་དུག་འགོས་པའི་འབྲེལ་ཡོད་ནད་རྟགས་མེད་པར་ལོགས་འགར་ལྟ་ཞིབ་བྱེད་མཚམས་འཇོག་པའི་ཆ་རྐྱེན་དང་མཐུན་ཚེ། མྱུར་དུ་བླང་བྱ་ལྟར་ལོགས་སུ་འགར་མཚམས་འཇོག་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།

2020ལོའི་ཟླ2པའི་ཚེས8ཉིན།