ཟི་ལིང་གྲོང་ཁྱེར་གྱིས་སྔོ་ཚོད་མི་འདྲ་བ6དང་སྐམ་ལུག་ཤ་གསར་བ་རིན་གོང་དམའ་མོའི་ངང་ནས་མཁོ་སྤྲོད་བྱེད་རྒྱུ་ཡིན་པ།

རང་རེའི་དྲ་བའི་འཕྲིན། ཟླ2ཚེས5ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་པ་ལྟར་ན། དུས་སྔོན་མའི་ལུགས་གསར་རྙིང་གི་ལོ་སར་སྐབས་སུ་རིན་གོང་བདེ་མོས་མཁོ་སྤྲོད་བྱས་པའི་རྨང་གཞིའི་སྟེང་། ཟི་ལིང་གྲོང་ཁྱེར་གྱིས་ཟླ2ཚེས6ཉིན་ནས་ཚེས7ཉིན་བར། སྔོ་ཚོད་རིགས་མི་འདྲ་བ6དང་སྐམ་ལུག་ཤ་གསར་བ་རིན་གོང་བདེ་མོས་མཁོ་སྤྲོད་བྱ་རྒྱུ་ཡིན་པ་རེད། དེ་ནི་རིམས་ནད་གནས་ཚུལ་ལ་ཚོད་འཛིན་བྱེད་པའི་དུས་སྐབས་སུ་ཟི་ལིང་གྲོང་ཁྱེར་གྱིས་ཤ་དང་སྔོ་ཚོད་ཀྱི་སྟོང་ཆ་མཁོ་སྤྲོད་བྱེད་པར་འགན་སྲུང་ཁག་ཐེག་དང་རིན་གོང་ཡང་རྩ་བའི་ཆ་ནས་བརྟན་འཇགས་སུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་དཔྱོད་ཤེས་ལ་ཕན་ནུས་ལྡན་པའི་སྒོ་ནས་སྣེ་ཁྲིད་དང་སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་འཇགས་སུ་གཏོང་བ། གྲོང་ཁྱེར་ཧྲིལ་བོའི་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་སུ་གཏོང་བར་འགན་སྲུང་ཁག་ཐེག་བྱས་ཡོད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། ཐེངས་འདིའི་རིན་གོང་དམའ་མོའི་ངང་མཁོ་སྤྲོད་བྱེད་པའི་སྔོ་ཚོད་ཀྱི་ཁོངས་སུ་སུར་སྔོན་དང་སྨྱུག་སྒོག རྡོ་ཀུབ། ཀྲོ་མ་ཀྲུ། ཆེ་ཙི་རིང་མོ། ཚོད་དཀར་སོགས་སྔོ་ཚོད་རིགས6ཡོད། རིན་གོང་བདེ་མོའི་མཁོ་འདོན་བྱས་པའི་ཤ་རིགས་གཙོ་བོ་ནི་སྐམས་ཤ་གསར་བ་དང་ལུག་ཤ་གསར་བ་ཡིན། རིན་གོང་དམའ་མོའི་མཁོ་སྤྲོད་ཀྱི་སྐབས་སུ། སིལ་འཚོང་ཚོང་གཉེར་ཁང་དག་གིས་སྒོ་བྱང་ངོས་སུ་གཅིག་གྱུར་སྒོས“ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་རིན་གོང་བདེ་མོའི་སྔོ་ཚོད་མཁོ་སྤྲོད་བྱེད་སའི་གནས”དང“ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་རིན་གོང་དམའ་མོའི་སྒོ་ནས་སྐམ་ལུག་ཤ་མཁོ་སྤྲོད་བྱེད་ཡུལ”ཞེས་པའི་མཚོན་རྟགས་འཁོད་ཡོད། དེར་མ་ཟད་ཁྱབ་བསྒྲགས་བྱས་པའི་ལྟ་སྐུལ་བདག་དོམ་ཁ་པར་ཨང་གྲངས་ནི་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡི12315དང་གྲོང་ཁྱེར་ཚོང་དོན་ཅུའུ་ཡི་ཨང་གྲངས་ནི6133765 གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཨང་གྲངས་ནི6113969བཅས་ཡིན། རིན་གོང་དམའ་མོའི་མཁོ་འདོན་བྱེད་རྒྱུའི་སྔོ་ཚོད་རིགས་མི་འདྲ་བ་སོ་སོར་ཐུན་མིན་གྱི་རིན་གོང་གཏན་འབེབས་དང་གཅིག་གྱུར་གྱི་རིགས་དབྱེ། གཅིག་གྱུར་གྱི་རིན་གོང་གཏན་ཁེལ། གཅིག་བསྡུས་སྒོས་ཕྱིར་འཚོང་བཅས་བྱས་ཡོད།

དུས་སྐབས་འདིར་ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་སོ་སོའི་སྲིད་གཞུང་དང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ། ཁྲོམ་ར་གཙོ་བོའི་དོན་དངོས་བཅས་ཀྱིས་ཁོངས་གཏོགས་འགན་འཁྲི་དང་ལས་རིགས་ལྟ་སྐུལ་བདག་དོམ་འགན་འཁྲི། ཁྲོམ་ར་གཙོ་བོའི་འགན་ནུས་བཅས་གཞི་གཅིག་ཏུ་ཟུང་འབྲེལ་བྱས་ཏེ། ཏོག་དབྱིབས་ནད་དུག་གསར་བའི་འགོས་ནད་ཀྱི་གློ་ཚད་རིམས་འགོག་སྐབས་སུ་རིན་གོང་བརྟན་འཇགས་བྱ་བའི་རེ་འདུན་ལ་འགན་སྲུང་བྱེད་པ་དང་ཆབས་ཅིག རིན་གོང་གི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་དམངས་ཕན་སྲིད་ཇུས་ལག་བསྟར་དངོས་འབེབས་ལ་འགན་སྲུང་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།