མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང་བརྒྱད་པ)

ད་སྐབས་ཞིང་ཆེན་ཡོངས་སུ་གུང་གསེང་མཇུག་སྒྲིལ་ཏེ་ཕྱིར་ལས་གནས་སུ་ལོག་པ་དང་ལས་ཀ་སླར་གསོ་བྱེད་པའི་མཐོ་རླབས་ཀྱི་སྐབས་དང་འཁེལ་ཡོད་པས་མི་སྣ་འགྲོ་འོང་བྱེད་ཚད་སྔར་ལས་ཇེ་མང་དུ་སོང་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་ལས་ཀའི་གོ་རིམ་གང་མགྱོགས་ཀྱིས་སླར་གསོ་བྱས་ནས་མི་སྣ་འགྲོ་འོང་གིས་རིམས་ནད་བགོ་བར་ཚོད་འཛིན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་གོ་རིམ་ལྡན་པའི་ངང་འགྲོ་འོང་བྱེད་པ་དང་འགྲིམ་འགྲུལ་བདེ་འཇགས་ངང་ཤར་གཏོང་ཐུབ་པར་འགན་ལེན་ཏན་ཏིག་བྱ་ཆེད་བརྡ་ཁྱབ་སྤེལ་བ་གཤམ་གསལ་ལྟར།

གཅིག ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་བཀོད་འདོམས་ལ་ཉན་པའི་བསམ་བློ་བརྟན་པོ་འཛུགས་དགོས་པ་དང་། ས་ཁུལ་དང་ལས་ཁུངས། ལས་རིགས་ཙམ་གྱི་བཀོད་འདོམས་ལ་མི་ཉན་པར་གཅིག་གྱུར་མགོ་ཁྲིད་དང་གཅིག་གྱུར་བཀོད་འདོམས། གཅིག་གྱུར་གྱི་འགུལ་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནན་འགོག་དམ་སྲུང་དང་སྔོན་འགོག་ཚོད་འཛིན་དམ་དྲག་བྱེད་དགོས་པ་ལས། ས་གནས་སོ་སོས་རང་སྣང་གང་ཤར་གྱིས་ལས་ཀ་བསྒྲུབ་མི་ཆོག

གཉིས། ས་གནས་ཁག་གིས་ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ་དང་། ས་ཁོངས་ལས་བརྒལ་བའི་མི་སྣའི་འགྲོ་འོང་ལ་མཐུན་སྦྱོར་མཉམ་འགུལ་གྱི་ལས་སྲོལ་འཐུས་ཚང་བཙུགས་ནས་འགྲུལ་བ་རྣམས་འགོག་སྲུང་འགན་སྲུང་གི་ཆ་རྐྱེན་འོག་ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་འགྲོ་འོང་བྱེད་དུ་འཇུག་དགོས། ཕྱིར་ལས་གནས་སུ་ལོག་པ་དང་ལས་ཀ་སླར་གསོ་བྱེད་པའི་མཐོ་རླབས་སྐབས་ཀྱི་མི་སྣ་འགྲོ་འོང་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཇུས་གཞི་གཏན་འབེབས་བྱས་ཏེ་འགྲིམ་འགྲུལ་འཚང་ཁ་ཆེ་བའི་སྐབས་སུ་བབ་བསྟུན་སྒོས་སྐོར་ཁག་བགོས་ཏེ་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱེད་དུ་འཇུག་དགོས།

གསུམ། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཅིག་གྱུར་འཆར་འགོད་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྱབ་ཁོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས་ལ། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མི་སྣར་དོ་དམ་དང་རླངས་འཁོར་ལ་བརྟག་དཔྱད། གཙོ་གནད་རིམས་ནད་ས་ཁུལ་གྱི་མི་སྣར་གཟབ་གཟབ་བྱས་ནས་དངོས་ཡོད་དང་ཞིབ་ཚགས་རང་བཞིན་གྱི་བྱ་བའི་ཐབས་ཤེས་སྤྱད་དེ་རིམས་ནད་འགོ་བ་དང་མཆེད་པ། ཕྱིར་ཁྱབ་པར་སྔོན་འགོག་བྱེད་དགོས་ལ། རླངས་འཁོར་དང་མེ་འཁོར། གནམ་གྲུ་སོགས་འགྲིམ་འགྲུལ་ཡོ་བྱད་དང་འབབ་ཚིགས་སོགས་གཙོ་གནད་ཁུལ་གྱི་འཕྲོད་བསྟེན་རིམས་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

བཞི། ས་གནས་ཁག་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ཁྲིམས་མཐུན་དང་སྒྲིག་སྲོལ་ལྟར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྩ་འཛུགས་བྱ་བ་ལེགས་པོར་བསྒྲུབ་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གལ་ཆེན་དག་ཏུ“གཅོད་པ་གཅིག་དང་མི་གཅོད་པ་གསུམ”འགན་ལེན་བྱེད་དགོས་ཏེ། ནད་དུག་བརྒྱུད་སྤེལ་གྱི་ཐབས་ལམ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། གཞུང་ལམ་འགྲིམ་འགྲུལ་དྲ་རྒྱ་མི་གཅོད་པ། འཕྲལ་སྡོམ་སྐྱེལ་འདྲེན་གྱི་ལྗང་མདོག་བགྲོད་ལམ་མི་གཅོད་པ། ཁ་ཚ་དགོས་གཏུག་ཏུ་གྱུར་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་གྱི་བགྲོད་ལམ་མི་གཅོད་པ་བཅས་ལ་འགན་ལེན་བྱེད་དགོས།

ལྔ། ས་གནས་ཁག་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྐབས་འདིར་འགྲིམ་འགྲུལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ཆོག་མཆན་མ་བརྒྱུད་པར་རང་སྣང་སྒོས་འགག་སྒོ་འཛུགས་པ་དང་། ལམ་གཅོད་པ་སོགས་བགྲོད་ལམ་བཀག་འགོག་བྱེད་པ་དང་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རླངས་འཁོར་ལ་ལམ་ཁྲལ་མི་ལེན་པའི་སྲིད་ཇུས་ལག་བསྟར་བྱེད་དགོས་པར་མ་ཟད། ལུགས་མཐུན་སྒོས་རིམས་འགོག་འཕྲལ་སྡོམ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལ་ཤར་གཏོང་བགྲོད་ལམ་བཀོད་སྒྲིག་བྱེད་དགོས། རིམས་ནད་འགོག་བཅོས་ཀྱི་འཕྲལ་སྡོམ་དངོས་ཟོག་དང་མི་སྣ་སྐྱེལ་འདྲེན་རླངས་འཁོར་གྱིས་འདུག་མི་དགོས་པ་དང་བརྟག་དཔྱད་བྱེད་མི་དགོས་པ། ལམ་ཁྲལ་སྟེར་མི་དགོས་པ་གསུམ་དང་། དམིགས་བསལ་སྒོས་སྔོན་ལ་སྟབས་བདེའི་ངང་ཤར་གཏོང་ཐུབ་པའི“མི་དགོས་པ་གསུམ་དང་དམིགས་བསལ་གཅིག”གི་བྱ་བར་འགན་ལེན་བྱེད་དགོས།

དྲུག ས་གནས་ཁག་དང་སྡེ་ཚན་ཁག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་འགྲིམ་འགྲུལ་དོ་དམ་ཚོད་འཛིན་དང་ཤར་གཏོང་ལམ་སྟོན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ལམ་སྐབས་ཀྱི་དོ་དམ་ཚོད་འཛིན་དང་རིམས་འགོག་བརྟག་བཤེར་གྱི་ནུས་པ་ཇེ་མཐོར་གཏོང་བ། རིམས་ནད་བརྟག་དཔྱད་ཀྱི་བྱ་བའི་གོ་རིམ་ཇེ་ལེགས་ཇེ་བདེ་དང་རླངས་འཁོར་ཤར་གཏོང་ལམ་སྟོན་བྱེད་ཚད་ལ་ཤུགས་བསྣན་ནས་རིམས་ནད་བརྟག་དཔྱད་ཀྱི་ལས་ཀར་ཟློས་སྐྱོན་མི་ཡོང་བར་བྱེད་པ་དང་། བརྟག་དཔྱད་ས་ཚིགས་ཁག་གི་རླངས་འཁོར་འགག་པའི་གནས་ཚུལ་ཞི་ལྷོད་དུ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་སོ་སོའི་བར་གྱི་འགྲུལ་སྐྱེལ་རླངས་འཁོར་རིམ་བཞིན་རྒྱུན་ལྡན་ལྟར་ལས་གཉེར་སླར་གསོ་བྱེད་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ02པའི་ཚེས04ཉིན།