མཚོ་སྔོན་གྱིས་ཉེ་དུས་ནད་གཞི་གཏན་འཁེལ་དང་འབྲེལ་བ་དམ་ཟབ་བྱེད་མཁན་ལ་གྲལ་བཤེར་དང་དོ་དམ། སྨན་བཅོས་སྲོག་སྐྱོབ་བཅས་བྱས་པའི་གནས་ཚུལ་བརྡ་ཁྱབ་ཞིབ་ཕྲ་བཏང་བ།

མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།(ཐེངས་གསུམ་པ)

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ་2ཚེས་3ཉིན་མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་ཐད་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་དང་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མཱ་ཡུང་ཁྲེང་གིས་ཟླ་1ཚེས་31ཉིན་ནས་ཟླ་2ཚེས་3ཉིན་གྱི་ཆུ་ཚོད་9པའི་བར་ཞིང་ཆེན་དེ་ཡོངས་ཀྱི་ནད་དཔེ་གཏན་འཁེལ་གྱི་གནས་ཚུལ་དང་། འབྲེལ་འདྲིས་ཟབ་མོ་བྱེད་མཁན་གྲལ་བཤེར་དང་དོ་དམ་གནས་ཚུལ། སྨན་བཅོས་སྲོག་སྐྱོབ་གནས་ཚུལ་བཅས་བརྡ་ཁྱབ་བཏང་བ་རེད།

ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མཱ་ཡུང་ཁྲེང་།

ནད་རྟགས་གཏན་འཁེལ་གྱི་ནད་དཔེ་གནས་ཚུལ།

ནད་དཔེ་9པ། ཀུའུ་ག་གེ་མོ་དང་ལོ་26ལ་སླེབས་པའི་སྐྱེས་པ་དང་ཟི་ལིང་གྲོང་ཁྱེར་གྱི་སྤྲོ་སྐྱིད་ཁང་ཞིག་གི་ལུས་རྩལ་རྩལ་ཁྲིད་པ་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ལི་ཅ་ཧྲན་གྲོང་རྡལ་ནས་ཡིན་པ་རེད། ནད་པ་དེ་2020ལོའི་ཟླ་1ཚེས་6ཉིན་ཝུའུ་ཧན་དུ་གཉེན་འཕྲད་བྱེད་པར་བསྐྱོད་པ། ཟླ1པའི་ཚེས16ཉིན་ཨ་ཕ་དང་མཉམ་དུ་ཝུའུ་ཧན་ནས་ལམ་ལ་ཆས་པ་དང་། ཟླ་1ཚེས་17ཉིན་ཟི་ལིང་དུ་འབྱོར་བ་དང་། ཟླ་1ཚེས་28ཉིན་གྱི་དགོང་མོར་ལུད་པ་ལུ་བ་དང་སྣ་འགག་པ་སོགས་ཀྱི་ནད་རྟགས་འབྱུང་བ་དང་། ཟླ་1ཚེས་30ཉིན“ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་ནད་རྟགས་འདྲ་བའི་ནད་དཔེ”ལ་བརྟེན་ནས་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་དུ་བསྡད་དེ་ལོགས་སུ་བཀར་ནས་སྨན་བཅོས་བྱས་པ་མ་ཟད། ནད་པའི་དམར་དཔེ་འཚོལ་བསྡུ་བྱས་པ་དང་། ཚེས་31ཉིན་ཟི་ལིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་གིས་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་གདགས་གཤིས་སུ་མངོན་ནས་ནད་དཔྱད་གཏན་འཁེལ་བྱས་པའི་ནད་དཔེ་ཡིན་པ་རེད།

ནད་དཔེ་10པ། མ་ཆེ་གེ་མོར་ལོ་33ཡིན་པ་དང་བུད་མེད་དུས་ཡུན་རིང་པོའི་ནང་ཝུའུ་ཧན་གྲོང་ཁྱེར་འཐེན་ཐུག་ཁང་དུ་བཟའ་བཏུང་ཞབས་ཞུ་བྱེད་ཀྱི་ཡོད་པ་དང་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ཏ་ཚའེ་ཤང་ནས་ཡིན་པ་རེད། ད་ལྟ་ཟི་ལིང་གྲོང་ཁྱེར་གྲོང་ཤར་ཁུལ་དུ་བསྡད་ཡོད། ནད་པ་དེར་2020ལོའི་ཟླ་1ཚེས་21ཉིན་ཝུའུ་ཧན་དུ་ཚ་བ་རྒྱས་པ་དང་མིད་པ་ན་བ་སོགས་ཀྱི་ནད་རྟགས་ཐོན་པ། ཟླ་1ཚེས་23ཉིན་ཝུའུ་ཧན་ནས་སྒེར་འཁོར་བཏང་ནས་ཐོན་པ། ཟླ་1ཚེས་25ཉིན་ཟི་ལིང་དུ་འབྱོར་བ་དང་། ཟླ་1ཚེས་30ཉིན་ཞིང་ཆེན་མི་དམངས་སྨན་ཁང་དུ་ཚ་བ་རྒྱས་ནས་སྒོ་བསྟེན་སྨན་ཁང་ལོགས་སུ་བཞག་ནས་སྨན་བཅོས་བྱེད་པ་དང་འབྲེལ་ནད་པའི་དམར་དཔེ་འཚོལ་བསྡུ་བྱས་ནས་ཞིབ་བཤེར་བྱེད་པར་སྐྱེལ་དགོས། ཟླ་2ཚེས་1ཉིན་དང་ཚེས་2ཉིན་ཁག་སོ་སོར་ཟི་ལིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་དུ་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་གདགས་གཤིས་སུ་མངོན་ནས་ནད་གཞི་གཏན་འཁེལ་བྱས་པ་རེད།

ནད་དཔེ་11པ། ཀྲང་ཆེ་གེ་མོ། ལོ་43ཡིན་པ་དང་། སྐྱེས་པ་དུས་ཡུན་རིང་པོར་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་ཏ་པའོ་ཙི་གྲོང་རྡལ་པའོ་ཅ་ཀྲའེ་གྲོང་ཚོར་སྡོད་ཀྱི་ཡོད། ཧོ་ནན་ཞིང་ཆེན་ཀུའུ་ཧྲི་རྫོང་ནས་རེད། ནད་པ་དེས་2020ལོའི་ཟླ་1ཚེས་10ཉིན་ནང་མི་དང་མཉམ་དུ་ཝུའུ་ཧན་དུ་གཉེན་སྟོན་ལ་ཞུགས་པ། ཟླ་1ཚེས་15ཉིན་གནམ་གྲུར་བསྡད་དེ་ཟི་ལིང་དུ་ལོག་པ་དང་། ཟླ་1ཚེས་27ཉིན་གློ་ལུ་བ་སོགས་དབུགས་ལམ་སྟོད་མའི་ནད་རྟགས་འབྱུང་བ་དང་། ཟླ་1ཚེས་31ཉིན་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་སྨན་བཅོས་བྱེད་པར་བསྐྱོད་དེ་སྨན་ཁང་གིས་ལོགས་སུ་བཀར་ནས་སྨན་བཅོས་བྱས་པ་དང་འབྲེལ་ནད་པའི་དམར་དཔེ་འཚོལ་བསྡུ་བྱས་ནས་ཞིབ་བཤེར་བྱ་རྒྱུར་བསྐྱལ་བ་དང་། ཟླ་2ཚེས་1ཉིན་དང་ཚེས་2ཉིན་ཁག་སོ་སོར་ཟི་ལིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་དུ་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་གདགས་གཤིས་སུ་མངོན་ནས་ནད་གཞི་གཏན་འཁེལ་བྱས་པ་རེད།

ནད་དཔེ་12པ། ཀུའོ་ག་གེ་མོ་དང་། བུད་མེད། ལོ་42ཡིན། ནད་དཔེ་ཀྲང་ཆེ་གེ་མོའི་བཟའ་ཟླ་11ཡིན། ད་ལྟ་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་ཏ་པའོ་ཙི་གྲོང་རྡལ་པའོ་ཅ་ཀྲའེ་གྲོང་ཚོར་བསྡད་ཡོད། 2020ལོའི་ཟླ་1ཚེས་10ཉིན་ཁོང་གི་བཟའ་ཟླ་དང་མཉམ་དུ་ཝུའུ་ཧན་དུ་གཉེན་སྒྲིག་གསོལ་སྟོན་ལ་ཞུགས་པ་དང་འབྲེལ་ཟླ་1ཚེས་15ཉིན་མཉམ་དུ་ཕྱིར་ལོག་བྱ་རྒྱུ་དང་། ཟླ་1ཚེས་31ཉིན་ཁོང་གི་བཟའ་ཟླ་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱས་པ་དང་འབྲེལ་ཉིན་དེར་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་ཀྱིས་གཏན་འཁེལ་བྱས་པའི་ཏེ་ཀུང་ཨར་ཁང་ཆེན་པོར་ལོགས་སུ་བཞག་ནས་གསོ་རིག་ལྟ་ཞིབ་བྱས་པ་དང་། ཟླ་2ཚེས་1ཉིན་གྱི་ཕྱི་དྲོ་རང་རྟོགས་ངང་སེམས་སྦུག་དོག་ནས་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་བསྐྱལ་ནས་ལོགས་སུ་སྨན་བཅོས་བྱས་པ་དང་། ཟླ་2ཚེས་2ཉིན་དམར་དཔེ་འཚོལ་བསྡུ་བྱས་ནས་ཞིབ་བཤེར་བྱ་རྒྱུར་བསྐྱལ་བ་དང་ཟི་ལིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཚོད་ལྟ་ཁང་གིས་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་གདགས་གཤིས་སུ་མངོན་ནས་ནད་གཞི་གཏན་འཁེལ་བྱས་པ་རེད།

ནད་དཔེ13པ། ནད་པ་ཡེ་ཆེ་གེ་མོ། ཕོ། ལོ་26ཡིན། ནད་དཔེ་ནི་མ་ཆེ་གེ་མོས་མཉམ་དུ་འབྲེལ་བ་བྱེད་མཁན་ཞིག་ཡིན། ད་ལྟ་མཚོ་བྱང་ཀྲོའུ་མུན་ཡོན་རྫོང་ཆིན་ཧྲི་ཙའོ་གྲོང་རྡལ་རྡོ་ནག་གྲོང་ཚོར་སྡོད་ཀྱི་ཡོད། མཚོ་བྱང་ཀྲོའུ་མོན་ཡོན་རྫོང་ནས་ཡིན། 2020ལོའི་ཟླ་1ཚེས་17ཉིན་སྒེར་འཁོར་བཏང་ནས་ཧུའུ་པེ་ཝུའུ་ཧན་དུ་ཡུལ་སྐོར་དུ་བསྐྱོད་དེ་ཚེས་19ཉིན་ཝུའུ་ཧན་དུ་འབྱོར་བ་དང་དེའི་རིང་ཝུའུ་ཧན་དུ་ཉིན་3བསྡད་པ་དང་། 2020ལོའི་ཟླ་1ཚེས་23ཉིན་ནད་རྟགས་གཅིག་པ་ཡིན་པའི་མཱ་ཆེ་གེ་མོ་དང་བཅས་པའི་མི་9ཡིས་ཝུའུ་ཧན་ནས་རླངས་འཁོར་བཏང་སྟེ་རྡོག་ཐོན་བྱས་པ་དང་། ཟླ་1ཚེས་25ཉིན་མོན་ཡོན་རྫོང་དུ་འབྱོར་རྗེས་ས་གནས་དེ་གའི་ཁྱིམ་དུ་ལོགས་སུ་བཀར་ནས་ལྟ་ཞིབ་བྱ་རྒྱུ་བཀོད་སྒྲིག་བྱས་པ་དང་། ཟླ་2ཚེས་2ཉིན་མཉམ་དུ་འགྲོ་མཁན་གྱི་ནད་དཔེ་མཱ་ཆེ་གེ་མོར་ཏོག་དབྱིབས་ནད་དུག་གསར་པ་འགོས་ཡོད་པའི་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་རྗེས་མཚོ་བྱང་ཀྲོའུ་མི་དམངས་སྨན་ཁང་གཉིས་པར་བསྐྱལ་ནས་ལོགས་སུ་བཀར་ནས་ལྟ་ཞིབ་བྱས་པ་དང་། ཟླ་2ཚེས་2ཉིན་ནད་པ་དེར་ཚ་བ་རྒྱས་ནས་ལུས་དྲོད་37.5℃ལ་སླེབས་པ་དང་། ནད་པའི་དམར་དཔེ་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་བསྐྱལ་ནས་ཞིབ་དཔྱད་ཚད་ལེན་བྱས་ཤིང་། མཇུག་འབྲས་སུ་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་གདགས་གཤིས་སུ་མངོན་པ་དང་། ནད་དཔེ་གཏན་འཁེལ་བྱས་པ་རེད།

ཟླ་2ཚེས་3ཉིན་གྱི་ཆུ་ཚོད་9པ་བར་ཞིང་ཆེན་ཡོངས་ཀྱི་ཚོད་ལྟ་ཁང་གིས་ནད་ཐོག་སྨན་བཅོས་ཀྱི་མ་དཔེ་328ལ་ཞིབ་དཔྱད་ཚད་ལེན་བྱས་པའི་ནང་ཟི་ལིང་གྲོང་ཁྱེར་གྱི་མི་251དང་མཚོ་ནུབ་ཀྲོའུ་ཡི་མི་27ལ་ཞིབ་དཔྱད་ཚད་ལེན་བྱས་པ་རེད།

འབྲེལ་གཏུག་དམ་ཟབ་བྱེད་མཁན་གྲལ་བཤེར་དང་དོ་དམ་གནས་ཚུལ་།

ཞིང་ཆེན་དེ་ཡོངས་ཀྱིས་རིམ་རྩིས་བྱས་ན་སྙན་ཞུ་བྱས་པའི་ནད་གཞི་གཏན་འཁེལ་བྱེད་མཁན་ནད་པ་13ལ་རིམས་ནད་རིག་པའི་བརྟག་དཔྱད་དང་། ཛ་དྲག་གི་བརྡ་ཁྱབ། གཞི་རིམ་སྡེ་ཁུལ(གྲོང་ཚོ)ལ་མཐིལ་རྟོགས་གྲལ་བཤེར་བྱ་རྒྱུའི་སྐུལ་སློང་སོགས་ཀྱི་ཐབས་ལམ་བརྒྱུད་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱས་པ་རེད། ཟླ་2ཚེས་3ཉིན་གྱི་ཆུ་ཚོད་9པ་བར་འབྲེལ་གཏུག་དམ་ཟབ་བྱེད་མཁན་264གྲལ་བཤེར་ཐུབ་པ་དང་རྫོང(ཆུས)ཁག་གི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་སྔོན་འགོག་ཚོད་འཛིན་ཇུས་གཞིའི་བླང་བྱ་གཞིར་བཟུང་ཁྱིམ་སྡོད་དང་གཅིག་སྡུད་ཟུར་འཇོག་གསོ་རིག་ལྟ་ཞིབ་བྱས་པ་རེད།

སྨན་བཅོས་སྲོག་སྐྱོབ་ཀྱི་གནས་ཚུལ།

མིག་སྔར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་ནད་དཔེ་13གཏན་འཁེལ་བྱས་པའི་ནང་ནད་གཞི་ལྕི་རིགས་1དང་ནད་པ་གཞན་དག་གི་ནད་གཞི་བརྟན་པོ་ཡོད་པ་རེད། ནད་གཞི་ལྕི་པོ་ཕོག་པའི་ནད་པ་ཀུའུ་ཆེ་གེ་མོ་དང་། སྐྱེས་པ། ལོ་44ཡིན་པ་བཅས་ཟླ་1ཚེས་30ཉིན་ནད་གཞི་གཏན་འཁེལ་བྱས་པ་དང་། སྨན་ཁང་དུ་སྡོད་སྐབས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ནད་བརྟག་སྨན་བཅོས་ཇུས་གཞི་གཞིར་བཟུང་ཞིང་ཆེན་རིམ་པའི་རིགས་གཅིག་མཁས་ཅན་ལྷན་འཛོམས་ནད་དཔྱད་བྱས་པ་བརྒྱུད་ནད་གཞི་ལྕི་པོ་ཕོག་པའི་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་གཏན་འཁེལ་བྱས་པ་དང་། ཁྲག་ཤེད་མཐོ་བ་དང་། གཅིན་པ་མངར་འགྱུར་གྱི་ནད། མཆིན་པ་ཚིལ་འགྱུར། གློ་བ་གཉིས་ཀར་གློ་འདབ་མང་བ། གློ་བ་མང་པོར་གཉན་ཁ་རྒྱས་པ་བཅས་རེད། སྨན་ཁང་དུ་ཞུགས་རྗེས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དབུགས་ལམ་ཚན་ཁག་དང་། ནད་གཞི་ལྕི་བའི་གསོ་རིག་ཚན་ཁགབརྟག་དཔྱད་ཚན་ཁག་གི་རིགས་གཅིག་མཁས་ཅན། རིམས་ནད་རིགས་གཅིག་མཁས་ཅན་བཅས་སྒྲིག་འཛུགས་ཐེངས་མང་བྱས་ནས་ལྷན་འཛོམས་ནད་དཔྱད་དང་གྲོས་བསྡུར་ཡང་ཡང་བྱས་ཏེ་འགོ་ནད་འགོག་པ་དང་། ནད་དུག་འགོག་པ། དབྱང་རྔུབ་སོགས་ནད་གཞི་དང་བསྟུན་ནས་སྨན་བཅོས་བྱས་ཏེ་ཐོན་ཁུངས་གཅིག་སྡུད་དང་རིགས་གཅིག་མཁས་ཅན་གཅིག་སྡུད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཚེ་སྲོག་མྱུར་སྐྱོབ་བྱས་པ་རེད། ཟླ་2ཚེས་2ཉིན་CTབསྐྱར་བཤེར་བྱས་པ་བརྒྱུད་གློ་ཟུང་ནད་ཚང་མང་དུ་སོང་བ་དང་། དབྱང་གི་གནོན་ལག་དང་དབྱང་གི་ཚད་ལོངས་ཚད་སོགས་ཀྱི་དམིགས་ཚད་དང་ཟུང་འབྲེལ་བྱས་ཏེ་རིགས་གཅིག་མཁས་ཅན་གྱིས་ནད་གཞིའི་གནས་ཚུལ་ཉིན་གཉིས་གོང་ལས་ལྕི་རུ་ཕྱིན་ནས་ཉེན་ཁ་ཆེ་བའི་ནད་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། གོམ་སྟབས་རྗེས་མར་སྨན་བཅོས་སྒྲིག་གཞིས་ནད་པ་དེའི་ཁྲག་དབྱང་ཚད་ལོངས་ཚད་དང་དེ་བཞིན་ཚེ་སྲོག་གི་ལུས་རྟགས་ཁག་དང་བྲང་ཁའི་གཟུགས་བརྙན་རིག་པའི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།