ནད་དུག་སྔོན་འགོག་ཚོད་འཛིན་ཐད་སེམས་ཁམས་ཚོད་འཛིན་དེ་ཡང་གཙོ་བོ་ཡིན།

ཏོག་དབྱིབས་ནད་དུག་གསར་བའི་འགོས་ནད་ཀྱི་གློ་ཚད་རིམས་འགོག་གནས་ཚུལ་ལ་ཁ་གཏད་གཅོག་ཆེད། མི་མང་པོ་ཞིག་ལ་སེམས་ཁྲལ་དང་འཇིགས་སྣང་། འཇིགས་སྐྲག་ཚབས་ཆེན། ནད་དུག་གི་ཉེན་ཁའི་དངོས་ཡོད་རང་བཞིན་ཚད་བརྒལ་ཅན་ཏུ་གཏོང་བ་བཅས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་མི་ཕན་པ་རེད། དེའི་རྐྱེན་གྱིས་མི་དམངས་མང་ཚོགས་ཀྱིས་སེམས་ཁམས་ཐད་ལ་ཡང་སྔོན་འགོག་ཚོད་འཛིན་ལེགས་པོ་བྱེད་རྒྱུ་དེ་ཡང་གལ་ཆེན་ཞིག་ཡིན་ངེས།

གཅིག ནད་དུག་རིམས་འགོག་གི་ཚོད་འཛིན་དེ་ཚན་རིག་དང་མཐུན་པ།

ངེས་པར་དུ་གཞུང་ཕྱོགས་གསར་འགྱུར་བརྒྱུད་ལམ་ལ་བརྟེན་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། དངོས་ཡོད་ཀྱི་ཆ་ནས་ནད་དུག་གི་གནས་ཚུལ་ལ་དཔྱོད་ཤེས་ལྡན་པའི་སྒོ་ནས་ངོས་འཛིན་བྱེད་དགོས། ཏང་དང་རྒྱལ་ཁབ་ལ་ཡིད་ཆེས་ཡོད་པའི་སྒོ་ནས་བྱེད་ཐབས་ནུས་ལྡན་ལག་བསྟར་བྱས་ཏེ་ནད་དུག་སྔོན་འགོག་ཚོད་འཛིན་ཐུབ་པར་ཡིད་ཆེས་བྱེད་དགོས། ནད་དུག་སྔོན་འགོག་ལ་རམ་འདེགས་ལེགས་པོ་བྱེད་པ། ཁ་ཐུམ་རྒྱག་པ། ལག་པ་གཙང་བཀྲུ་བྱེད་པ། སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་རུ་འཇུག་པ། འདུ་འཛོམས་མི་བྱེད་པ་སོགས་ཡིན། དྲ་ལམ་དུ་སྦིར་ཆེ་བའི་གནས་ཚུལ་འདྲ་མིན་ལ་ཡིད་ཆེས་མི་བྱེད་པ།

གཉིས། ཁྱིམ་ཚང་གི་འཚོ་བའི་བཀོད་སྒྲིག་ལུགས་མཐུན་ཡིན་པ།

ཁྱིམ་ཚང་གི་འཚོ་བ་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ཏེ། འཚོ་བའི་གོ་དོན་དང་ཧུར་ཐག་གི་བྱ་སྤྱོད་དེ་སྔ་མོ་ནས་ཤེས་རྟོག་ཐུབ་དགོས། ཡུལ་གྱི་ཁྱིམ་མི་དང་མཉམ་པོར་ལུས་སྦྱོང་བྱེད་སྒོ་དང་རོལ་རྩེད་ཆུང་ཆུང་སོགས་ཁམས་གཡེང་བྱ་འགུལ་སྤེལ་བ། ཡང་ན་སྔོན་ཆད་དག་སྒྲིག་བྱས་མེད་པའི་ཡིག་ཚགས་དང་འདྲ་པར། འཆར་འགོད་སོགས་བྱས་ཏེ་བྱ་བ་དང་འཚོ་བ་ལ་འཆར་འགོད་གང་ལེགས་སྒོས་ཁྱིམ་མི་དང་མཉམ་པོར་ཁྱིམ་ཚང་ལ་འཆར་གཞི་ལྡན་པ་དང་རོལ་རྩེད་ལྡན་པ་ཞིག་བྱ་དགོས།

གསུམ། ལྡོག་ཕྱོགས་ཀྱི་སེམས་ཁམས་ཀྱིས་དྲང་ཕྱོགས་ལ་ཤུགས་རྐྱེན་ཐེབས་སྲིད།

སེམས་ཁམས་ཀྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཡང་དག་པ་ཞིག་དགོས་ཤིང་། ལྡོག་ཕྱོགས་ཀྱི་སེམས་ཁམས་ཀྱིས་ང་ཚོའི་ལུས་པོ་དང་སེམས་ཁམས་ཐད་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་དེ། སེམས་འཚུབ་པ་དང་མགོ་བོ་ན་བ་སོགས་ལུས་པོ་མི་བདེ་པའི་གནས་ཚུལ་འབྱུང་སྲིད་ལ། དེའི་མི་ཚད་གཉིད་མི་ཡོང་བའི་གནད་དོན་ཚབས་ཆེན་དང་ཐ་ན་རིམས་འགོག་ནུས་པ་ཡང་ཇེ་ཞན་ཏུ་འགྲོ་ངེས། དེའི་རྐྱེན་གྱིས་ང་ཚོས་དྲང་ཕྱོགས་ནས་རང་ལ་བྱུང་བའི་སེམས་ཁམས་མི་ལེགས་པ་དེར་ངོས་འཛིན་གང་ལེགས་སྒོས་ཚོར་ཤེས་ལ་ལྟ་རྟོག་དང་རང་ཉིད་ཀྱི་སེམས་ཁམས་གནས་བབ་ལ་དཔྱད་འཇོག་བྱེད་དགོས།

བཞི། སེམས་ཁམས་མི་ལེགས་པའི་གནས་བབ་ལ་བདག་དོམ་བྱེད་དགོས།

སེམས་ཁམས་ལ་བདག་དོམ་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་ཞིག་ཡིན་པས། ང་ཚོས་རང་ཉིད་ཀྱི་བསམ་པའི་འཁྱེར་སོ་དེ་གཞན་སྤོར་བྱེད་པར་ཚོད་ལྟ་བྱས་ནས། ཁྱིམ་མི་ལ་རང་ཉིད་ཀྱི་སེམས་ཁམས་དང་བསམ་བློ་བརྗེ་རེས་བྱས་ཏེ། འོས་འཚམ་གྱི་ལྷོད་ལ་འབབ་པའི་བྱེད་སྒོ་སྤེལ་ཏེ་དབུགས་རྔུབ་ལེན་དང་ཤ་གནད་ལྷོད་ལ་འབབ་པ། འོས་འཚམ་གྱི་འགུལ་སྐྱོད་བཅས་བྱས་ནས་སེམས་ཁམས་བདེར་འབབ་དུ་འཇུག་དགོས། ཧ་ཅང་གལ་ཆེ་བ་ཞིག་ལ་སེམས་ཁམས་ཞི་འཇགས་རྒྱུན་འཁྱོངས་ཀྱིས་སྤྲོ་སྣང་གི་སེམས་ཁམས་བཟུང་སྟེ་རིམས་འགོག་གནས་ཚུལ་ལ་རྣམ་འགྱུར་ལེགས་པོ་དང་འཚོ་བ་ལ་རྣམ་འགྱུར་ལེགས་པོ་འཛིན་དགོས།

ལྔ། གནད་དོན་གྱི་ཚབས་ཆེན་རང་བཞིན་ལ་རང་འགུལ་གྱིས་རོགས་སྒྲུབ་རེ་འདུན་འདོན་དགོས།

རང་ཞིང་ལ་ནད་རྟགས་ཚབས་ཆེན་ཡོད་པའི་ཚོར་བ་བྱུང་ན། དེས་རང་ཉིད་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མི་ལེགས་པ་མངོན་གསལ་གྱིས་བཟོ་སྲིད་པས། དུས་ལྟར་རོགས་རམ་བྱེད་མཁན་བཙལ་དགོས། དེ་ཡང་ཁྱིམ་མི་དང་གྲོགས་པོ་ལ་བསམ་བློ་བརྗེ་རེས་སྒོས་སེམས་ཁམས་ཐད་ལ་རྒྱབ་སྐྱོར་མཁན་བཙལ་དགོས། དེའི་མི་ཚད་སེམས་ཁམས་འཕྲོད་བསྟེན་ཆེད་ལས་མི་སྣ་བཙལ་ཏེ་སེམས་ཁམས་ཐད་ལ་རོགས་སྒྲུབ་བྱེད་དུ་འཇུག་དགོས། སེམས་ཁམས་ཐད་གཏོང་སྐུད་ལམ་དང་དྲ་ལམ་སེམས་ཁམས་འདྲི་རྟོག་བཙལ་དགོས། དགོས་ངེས་ཀྱི་སྐབས་སུ་སྨྱོ་ནད་ཆེད་ལས་ཚན་ཁག་གི་སྒོ་བསྟེན་ཁང་དུ་ཡང་འགྲོ་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།