རང་ཞིང་གི་སྨན་བཅོས་ལས་ཁུངས་ཀྱིས་ཧུའུ་པེ་ཡི་སྨན་བཅོས་རུ་དཔུང་གི་ཁྱིམ་མི་ལ་ཆེས་ཐོག་མར་འཚམས་འདྲི་བྱས་པ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ་རང་ཞིང་གི་ཆེས་ཐོག་མར་ཧུའུ་པེ་རུ་རོགས་སྐྱོར་བྱེད་པར་མངགས་པའི་སྨན་བཅོས་རུ་དཔུང་གི་མི་སྣ135ཡིས་སྨན་བཅོས་རུ་དཔུང་གི་ཁྱིམ་མི་དག་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་ཏེ། ཁྱིམ་མི་དག་ལ་འཚམས་འདྲིའི་འཕྲིན་ཡིག་དང་འཚམས་འདྲིའི་མ་དངུལ། འགོག་སྲུང་ཡོ་བྱད། འཚོ་བའི་ཡོ་བྱད་བཅས་གནང་ནས་ཁྱིམ་མི་དག་གིས་རིམས་ནད་སྔོན་འགོག་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པ་ལ་བཀའ་དྲིན་ཞུས་པ་རེད།

མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། ཞིང་ཆེན་བུད་མེད་དང་བྱིས་པའི་བདེ་སྲུང་གླིང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལས་ཁུངས་བཅས་ཀྱིས་ཁ་པར་དང་སྐད་འཕྲིན་འཆར་གཟུགས་ལ་བརྟེན་ནས་སྨན་བཅོས་རུ་ཁག་གིས་ཝུའུ་ཧན་གྱི་བྱ་བའི་གནས་ཚུལ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། དུས་ལྟར་སྨན་བཅོས་རུ་དཔུང་གི་རིམ་པ་དང་པོའི་གནས་ཚུལ་དག་ཁྱིམ་མི་དག་ལ་བརྒྱུད་སྒྲོགས་བྱས་ཏེ་ཁྱིམ་མི་དག་གི་བློ་སེམས་བདེ་ལ་འབབ་དུ་བཅུག་ཡོད།

ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་འབྲེལ་ཡོད་འགོ་ཁྲིད་དག་གིས་མི་སྒེར་གྱི་ལས་རྐང་ཁ་གསབ་རོགས་དངུལ་གྱིས་སྨན་བཅོས་རུ་དཔུང་དང་ཁྱིམ་མི་དག་ག་སྒོར500ནས་སྒོར2000ལྷག་གི་ཁ་པར་བཤད་གླའི་རིན་དངུལ་སྤྲད་ཏེ་སྨན་བཅོས་རུ་དཔུང་དང་ཁྱིམ་མི་དག་གི་བརྡ་འཕྲིན་རྒྱུན་ལྡན་ལ་འགན་སྲུང་ནན་མོ་བྱས་ཡོད། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོས་དེ་དང་ཆབས་ཅིག་སྨན་བཅོས་མི་སྣ་རེ་རེ་ལ་ཡང་རིན་དོད་སྒོར་ཁྲི50ཅན་གྱི་མི་ལུས་འགལ་རྐྱེན་གྱི་གནོད་འཚེ་འགོག་པའི་ཉེན་འགོག་ཉོས། ཞིང་ཆེན་བུད་མེད་དང་བྱིས་པའི་བདེ་སྲུང་གླིང་གིས་བྱ་དགའི་རིན་དངུལ་ལག་བསྟར་བྱེད་པའི་ཐབས་ལམ་སྤྱད་ནས་སྨན་བཅོས་རུ་དཔུང་ཕྱིར་ལོག་རྗེས་ལས་རྐང་ཐད་ལ་དམིགས་གསལ་གྱི་ཁ་གསབ་རོགས་དངུལ་སྣོན་པའི་ཚད་གཞི་ཆེས་ཆེར་བཏང་། ད་རུང་གཟེངས་བསྟོད་བྱ་དགའ་གནང་བ་དང་དེའི་མི་ཚད་ལས་རྐང་དཔྱད་འཇོག་ཚད་ལེན་ཐད་ལ་ཡང་དམིགས་གསལ་གྱི་བསམ་གཞིག་གཏོང་ངེས། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་གིས་སྐད་འཕྲིན་གྱི་སྤྱི་གཞུང་སྟེགས་བུ་སོགས་ལ་བརྟེན་ནས་སྨན་བཅོས་རུ་དཔུང་གི་སྔོན་ཐོན་བྱ་གཞག་དྲིལ་སྒྲོག་སྙན་ཞུ་ལ་ཤུགས་བསྣན་ནས། ཐོག་མའི་དུས་ཚོད་ཀྱི་ནང་གནས་ཚུལ་གསར་བ་ཁྱབ་སྒྲོག སྨན་བཅོས་རུ་དཔུང་དང་ཁྱིམ་མིའི་བར་གྱི་བརྡ་འཕྲིན་མཉམ་སྤྱོད། ཐོན་ཁུངས་ཕན་ཚུན་བརྗེ་རེས་བཅས་ལ་འགན་སྲུང་ནན་མོ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།