མདོ་ལ་རྫོང་གིས་འཚོ་བའི་ཡོ་བྱད་གཙོ་བོར་ཁ་གསབ་གང་ལེགས་བྱས་པ།

རང་རེའི་དྲ་བའི་འཕྲིན། ཟླ1ཚེས30ཉིན། གསར་འགོད་པས་མདོ་ལ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མདོ་ལ་རྫོང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་གནས་ཚུལ་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྱ་བའི་རེ་འདུན་གཞིར་བཟུང་སྟེ། མདོ་ལ་རྫོང་བཅོས་སྒྱུར་འཕེལ་རྒྱས་ཅུའུ་ཡིས་དུས་ལྟར《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱེད་པའི་སྐབས་བསྟུན་གྲ་སྒྲིག་ཇུས་གཞི》ཞེས་པ་གསར་འབྱེད་བྱས་ཏེ། ཧུར་ཐག་སྒོས་བྱེད་ཐབས་ལག་བསྟར་དང་དོན་དངོས་ལ་བརྟེན་ནས་འབྲས་དང་ཕྱེ། སྣུམ། ཤ་སོགས་འཚོ་བར་མཁོ་གལ་ཆེ་བའི་དངོས་ཆས་མང་པོ་གསོག་འཇོག་མཁོ་སྤྲོད་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཏེ། རིམས་ནད་གནས་ཚུལ་སྐབས་འབྲས་དང་ཕྱེ། སྣུམ་སོགས་འཚོ་བའི་ཡོ་བྱད་གལ་ཆེན་གྱི་དགོས་ངེས་མཁོ་སྤྲོད་ལ་འགན་སྲུང་བྱས་ཏེ། ཕྱིར་འཚོང་མཚམས་མི་ཆད་པ་དང་འགོག་སྲུང་མེད་པའི་སྒོ་ནས་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་བསྐངས་ཡོད་ཟེར།

ད་ལྟ། མདོ་ལ་རྫོང་གིས་འབྲུ་སྣུམ་མཛོད་ཁང་དུ་གསོག་ཉར་ཕུན་སུམ་ཚོགས་པ་བྱས་ཏེ། འཐུས་ཚང་ཅན་གྱི་བཟའ་འབྲུའི་གསོག་འཇོག་སྒྲིག་སྲོལ་དང་འབྲུ་རིགས་སྐབས་བསྟུན་མཁོ་སྤྲོད་ཀྱི་མ་ལག་འཐུས་ཚང་ཅན་ཏུ་བཏང་ཡོད། དེ་དང་ཆབས་ཅིག རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུའུ་ཡི་རེ་འདུན་ལྟར། རྫོང་འབྲུ་སྣུམ་ཕྱིར་འཚོང་ཀུང་ཟིས་ཉེ་ལམ་གོམ་གང་མདུན་སྤོས་སྒོས་ཞིང་ཆེན་ནང་ཁུལ་གྱི་ཏེན་ཤང་སྡེ་ཚོགས་དང་ཧྥ་ཏ་སྡེ་ཚོགས་སོགས་བཟའ་འབྲུའི་ལས་སྣོན་ཁེ་ལས་ལ་འབྲེལ་འདྲིས་བྱས་ཏེ། བཟའ་འབྲུའི་སྣུམ་གྱི་ཉོ་བསྡུའི་དངོས་ཟོག་གྲ་སྒྲིག་མཁོ་སྤྲོད་བྱ་བ་ལེགས་པོར་སྒྲུབ་ནས། རིམས་ནད་སྔོན་འགོག་བྱ་བའི་དུས་སྐབས་འདིར་ཚོང་ཁང་གི་སྒོ་ཕྱེས་སྟེ་ཚོང་གཉེར་དང་ཚོང་ལམ་ཤར་གཏོང་ཐུབ་པ། དངོས་ཟོག་གི་མཁོ་སྤྲོད་འདང་ངེས་བཅས་ལ་འགན་སྲུང་ཐག་ཐེག་བྱས་ཡོད།

འབྲུ་རིགས་བདེ་འཇགས་ས་གནས་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་རེ་འདུན་གཞིར་བཟུང་སྟེ། མདོ་ལ་རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུའུ་ཡིས་ནན་ཏན་སྒོས་ལས་རིགས་བདག་དོམ་གྱི་འགན་ནུས་ལེགས་པོ་ལག་བསྟར་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་འབྲུ་སྣུམ་གྱི་སྡེབ་འཚོང་དང་སིལ་འཚོང་སོགས་གོ་རིམ་གལ་ཆེན་དག་ལ་ལྟ་སྐུལ་བདག་དོམ་ཞིབ་བཤེར་བྱེད་པའི་ཚད་གཞི་ཆེས་ཆེར་བཏང་སྟེ། ཁྲོམ་རྭའི་ཚོང་གཉེར་གྱི་སྤྱི་ཁྱབ་སྒྲིག་སྲོལ་གཏན་འཇགས་བྱུང་བར་འགན་སྲུང་བྱས་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་གྱི་ལྟ་སྐུལ་སྡེ་ཁག་ལ་ཟུང་འབྲེལ་སྒོས་འབྲུ་སྣུམ་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཞིབ་བཤེར་བྱ་བར་ཤུགས་བསྣན་ནས། འབྲུ་སྣུམ་ཁྲོམ་རའི་འགུལ་རྣམ་ལ་ལྟ་རྟོག་ནན་མོ་བྱས་ཏེ། རིན་གོང་གང་འདོད་དུ་ཡར་འཕར་བ་དང་གནས་ཚུལ་རྫུན་མ་ཡར་སྒྲོག་མར་སྒྲོག་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱས་ཏེ། རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཚད་ལྡན་གྱི་བཟའ་འབྲུ་དང་མི་མཐུན་པའི་བཟའ་འབྲུ་དག་ཁྲོམ་ར་ལ་འཁོར་རྒྱུག་བྱེད་པ་གཏན་འགོག་ནན་མོ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།